༄༅།། མིག་སྔར་བོད་ཀྱི་སློབ་གསོ་བྱ་བའི་ཁྲོད་གནས་པའི་གནད་དོན་འགའ་གླེང་བ།
སྤེལ་དུས།  2017-12-08  རྡེབ་ཚད།   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  རྩོམ་པ་པོ། ནག་ཀྱཱ་ཤ་བོ་ཚེ་རིང་།  རྩོམ་སྒྲིག་པ། lobsang

སློབ་གསོ་ནི་མི་རིགས་དང་རྒྱལ་ཁབ་དར་རྒྱས་སུ་འགྲོ་བའི་སྒུལ་ཤུགས་གཙོ་བོ་ཡིན་ལ།  ཚན་རྩལ་དང་རིག་གནས།  དཔལ་འབྱོར།  དམག་དོན་སོགས་འཕེལ་བར་མེད་དུ་མི་རུང་བའི་མ་ལག་འགངས་ཆེན་ཞིག་ཡིན་པར་མ་ཟད། ཐུན་མོང་དང་མི་སྒེར་གྱི་མི་ཚེའི་མདུན་ལམ་དང་འཚོ་བ།  རེ་འདུན་བཅས་ཐག་གཅོད་ལེགས་པོ་ཞིག་བྱེད་དགོས་ཚེའང་སློབ་གསོ་ལ་བརྟེན་དགོས།  ལྷག་པར་དུ་སྒྲིག་གཞི་ལེགས་ཤིང་སྤུས་ཀ་བཟང་བ། གོ་རིམ་དང་ལྡན་པའི་སློབ་གསོའི་མཁའ་དབུགས་ཁྲོད་ནས་འཚར་ལོངས་བྱུང་བའི་མི་ཞིག་ཡིན་ཚེ།  ཐུན་མོང་མ་ཡིན་པའི་ཤེས་རྟོགས་ཀྱི་ནུས་པ་དང་བསམས་གཞིག་གི་ནུས་པ།  མི་རང་ཉིད་ཀྱིས་སྤྱི་ཚོགས་འཚོ་བའི་ཁྲོད་ནས་ཐོན་པའི་ནུས་ཤུགས་སོགས་གང་ཅིའི་ཐད་ནས་དཔག་ཚེའང་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ལྟ་བུ་ལགས། སྤྱི་ཚོགས་ཤིག་ལའང་འཕེལ་རྒྱས་ཀྱི་འགྲོ་ལམ་ངེས་ཅན་ཞིག་དགོས་ཚེ།  ངེས་པར་དུ་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་མི་རྣམས་ཀྱི་སྤུས་ཀ་མཐོར་འདེགས་སུ་གཏོང་རྒྱུ་ནི་ཆེས་གལ་ཆེ་ལ།  སློབ་གསོའི་སྒྲིག་གཞི་སྔོན་ཐོན་དང་ཚགས་དམ་པ།  སྣ་སྒོ་འཛོམས་པ།  ནུས་པ་ལྡན་པ་ཞིག་ཡིན་ན་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་རྩོལ་མེད་དུ་ཐོན་ཐུབ་པ་རེད།                 དེའི་རྐྱེན་གྱིས་རང་རེའི་བོད་ལ་ཆ་མཚོན་ནའང་སློབ་གསོ་ནི་རང་ཉིད་ཀྱི་སྲིད་འབྱོར་རིག་གསུམ་དང་མིའི་སྤུས་ཀ  འཚོ་བའི་ཆུ་ཚད་སོགས་འཕེལ་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོར་སྲིད་མོད།  ཡིན་ནའང་འདི་ཉིད་འཕེལ་རྒྱས་སུ་འགྲོ་དགོས་ན།  གོང་དུ་བརྗོད་པ་བཞིན་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་མི་ལ་འཕྲད་ཡོད་པས།  ཐོག་མར་མིའི་སྤུས་ཀ་དང་ཤེས་བྱའི་ཚད་རིམ།  བསམ་བློ།  ཀུན་སྤྱོད་སོགས་གང་ཅིའི་ཐད་ནས་མཐོར་འདེགས་སུ་གཏོང་དགོས། གོང་གསལ་གྱི་སྣང་ཚུལ་འདི་དག་འཕེལ་རྒྱས་སུ་འགྲོ་དགོས་ན་གཙོ་བོར་སློབ་གསོ་ལ་བརྟེན་དགོས་པ་རེད།       c3P

འཇར་མན་གྱི་རླབས་ཆེ་བའི་མཚན་ཉིད་རིག་པ་དང་སློབ་གསོ་སྨྲ་བ་ཁེང་ཏིས་བརྗོད་དོན།  མི་ནི་ངེས་པར་སློབ་གསོ་དང་བརྒྱུད་ཚེ།  ད་གཟོད་མི་རུ་འགྱུར་ཐུབ།  མི་ནི་སློབ་གསོའི་ཐོན་དངོས་ཡིན།  ཞེས་པའི་སྡོམ་ཚིག་ཟབ་མོ་བཀོད་ཡོད། དེའི་སྟབས་ཀྱིས་ད་ལྟའི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་མཐའ་གཅིག་ཏུ་འབུངས་པའི་མཁྱེན་ལྡན་དཔྱོད་ཡངས་དག་གིས་ཀྱང་མི་རིགས་འདིའི་ཆག་འཇིག་གནས་གསུམ་ལ་དོ་ཁུར་ཆེན་པོ་བྱ་བཞིན་མཆིས་མོད།  ཡིན་ནའང་མི་རིགས་གང་འདྲ་ཞིག་ཡིན་རུང་འཕེལ་རྒྱས་སུ་འགྲོ་དགོས་ན་གཙོ་བོ་སློབ་གསོ་ལ་རག་ལས་ཆེན་པོ་ཡོད་པས།  མི་དང་ས་གནས།  རྒྱལ་ཁབ་བར་གྱི་འཕེལ་རྒྱས་ཀྱི་ཁྱད་པར་གཙོ་བོའང་སློབ་གསོས་དབྱེ་འབྱེད་བྱེད་བཞིན་ཡོད་པ་ནི་ང་ཚོས་མིག་མཐོང་ལག་ཟིན་དུ་ཡོད།  དབྱིན་ཇིའི་མིང་དུ་གྲགས་པའི་སློབ་གསོ་རིགས་པ་སྨྲ་བ་ལའོ་ཁི་( T.LOCKE ) ཡིས་བརྗོད་དོན།  ང་ཚོས་དུས་རྒྱུན་མཐོང་བའི་མིའི་ཁྲོད་དུ།  མིའི་བཟང་ངན་དང་དེ་མཁོ་མི་མཁོ་ཡང་བཅུ་ཆའི་དགུ་ནི་སློབ་གསོས་ཐག་གཅོད་བྱས་པ་ཡིན་ཞེས་སྨྲ་བར་སྤོབས།  མིའི་རིགས་ཀྱི་བར་ཐག་དང་ཁྱད་པར་ཡང་སློབ་གསོས་གོ་འབྱེད་ཀྱིན་ཡོད།  ཅེས་སྨྲས་པ་བཞིན་སློབ་གསོ་ནི་འཕེལ་རྒྱས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས།  བོད་ཀྱི་སློབ་གསོའི་གནས་བབ་ལ་ཕྱོགས་དུ་མ་ནས་ཞིབ་འཇུག་དང་དབྱེ་ཞིབ་ཆ་ཙམ་བྱེད་རྒྱུ་ནི་བོད་ཀྱི་སློབ་གསོ་ལ་ཆ་མཚོན་ན་ཤིན་ཏུ་གལ་ཆེ་བས།  འདིར་མིག་སྔར་བོད་རང་གི་སློབ་གསོ་བྱ་བའི་ཁྲོད་གནས་པའི་གནད་དོན་འགའ་བརྗོད་ཁུལ་བྱའོ། གཅིག  ཁྱིམ་ཚང་གི་སློབ་གསོའི་ཐད་དུ་གནས་པའི་གནད་དོན། མི་སུ་དང་གང་ཞིག་ཡིན་རུང་ཁྱིམ་ཚང་ནི་རང་ཉིད་ཀྱི་མི་ཚེ་ཡི་ཆེས་ཐོག་མའི་སློབ་གྲྭ་ཡིན་པས།  མིའི་རིགས་འཕེལ་བའི་གོ་རིམ་ཁྲོད་བལྟས་ཚེའང་མི་ཚང་མ་སྐྱེས་མ་ཐག་ཁྱིམ་ཚང་ཞིག་ནས་འཚོ་བ་རོལ་དགོས་པས།  ཐོག་མར་སྤྱི་ཚོགས་ཀྱི་སློབ་གསོའི་སྒྲིག་གཞི་ཆུང་བ་ཁྱིམ་ཚང་ནས་འགྲོ་འདུག་སྤྱོད་གསུམ་རེ་རེ་བཞིན་སློབ་དགོས་པའི་རྐྱེན་གྱིས།  ཁྱིམ་ཚང་ནི་སློབ་གྲྭ་དང་བོ་དང་ཕ་མ་ནི་དགེ་རྒན་ཐོག་མ་ཡིན་ཞེས་བརྗོད་བཞིན་པའང་དེ་འདྲ་ཞིག་ལ་འཕྲད་ཡོད།  ལྷག་པར་དུ་བྱིས་པ་ཞིག་གི་ལུས་ཀྱི་འཕེལ་རིམ།  ཤེས་རྟོགས་ཀྱི་ཚད། བསམ་གཞིག་གི་ནུས་པ།  བསམ་བློ་ཀུན་སྤྱོད།  རང་གཤིས་སོགས་གསོ་སྐྱོང་བྱེད་རྒྱུ་ནི་ཁྱིམ་ཚང་གི་སློབ་གསོ་དང་ཁ་ཚ་དགོས་གཏུགས་སུ་འབྲེལ་ཡོད་པས།  ཧྥ་རན་སིའི་བསམ་བློ་བ་ཨེ་ཨར་བེ་སིས་ཀྱང་།  བྱིས་པར་ཚེ་སྲོག་དང་འགུལ་བསྐྱོད་ཐོབ་སྐབས་སུ་ངེས་པར་ཆེས་བཟང་བོའི་སློབ་གསོ་ཐོབ་དགོས།  ཞེས་པ་སྨྲས་པ་བཞིན་དེང་རབས་སློབ་གསོ་དང་ཚན་རིག་གིས་བསམ་བློའི་འགུལ་བསྐྱོད་ལ་རྟོག་ཞིབ་ཆེས་མང་བོ་བྱས་པ་བརྒྱུད་དེ་བདེན་དཔང་བསྙོན་མེད་ཅིག་བྱས་ཡོད་པ་ནི། བྱིས་པ་ཞིག་ལ་ཆ་མཚོན་ན་མ་མཐའ་ཡང་སྐྱེས་ནས་ལོ་དྲུག་གི་གཡས་གཡོན་དུ་ཁྱིམ་ཚང་གི་སློབ་གསོ་མྱོང་དགོས་པས། དམིགས་ཡུལ་ལྡན་ཞིང་མ་ལག་འཐུས་ཚང་ཡིན་པའི་སློབ་གྲྭའི་སློབ་གསོ་མྱོང་བར་ཐད་ཀར་དུ་ཁྱིམ་ཚང་གི་སློབ་གསོ་བཟང་མིན་ལ་འབྲེལ་ཡོད། རང་རེའི་མདོ་དབུས་མཐོ་སྒང་དུ་གནའ་ནས་ད་ལྟའི་བར་དུ་འཚོ་བ་སྐྱེལ་བཞིན་ཡོད་པའི་བོད་མི་རིགས་ལའང་མི་རིགས་གཞན་དང་འདྲ་བར་ཁྱིམ་ཚང་གི་སློབ་གསོ་མེད་པ་ཞིག་གཏན་ནས་མིན་ཀྱང་།  ཡིན་ནའང་དཔལ་འབྱོར་དང་ཁོར་ཡུག་གི་གནས་བབ་སོགས་ཀྱིས་ང་ཚོའི་བྱིས་པ་མང་བོ་ཞིག་གིས་ཅུང་ཟད་འཐུས་སྒོ་ཚང་ཞིང་དོན་སྙིང་ལྡན་པའི་སློབ་གསོའི་མངར་ཁུ་མང་བོ་ཞིག་གཏན་ནས་གཞིབས་ཐུབ་ཀྱིན་མེད།  རྒྱུ་མཚན་ནི་ཐོག་མར་མི་སུ་ཞིག་ཡིན་རུང་རང་ཉིད་ལ་བདེ་ཐང་ཡིན་པའི་ཕུང་བོ་ཞིག་ངེས་པར་དུ་མཁོ་བ་རེད།  བདེ་ཐང་གི་ཕུང་བོ་ཞིག་ཡོད་པའི་རྨང་གཞིའི་སྟེང་ནས་ད་གཟོད་རང་ཉིད་ཀྱི་ནུས་ཤུགས་དང་འཚམས་པའི་བྱ་བཞག་ཅི་རིགས་ཤིག་སྒྲུབ་ཐུབ་ལ།  ལྷག་པར་དུ་བྱིས་པའི་ཟས་དང་གྱོན་པ།  འདུག་གནས། མཁོ་དངོས།  ད་རུང་གཙང་སྦྲ་དང་སྨན་བཅོས་སོགས་ཀྱང་ཁྱིམ་ཚང་གིས་ཐག་གཅོད་བྱ་དགོས།  ཁྱིམ་ཚང་གིས་བྱིས་པའི་འཚོ་བར་བཀོད་སྒྲིག་བཟང་བོ་ཞིག་བྱས་ཚེ་ད་གཟོད་བྱིས་པ་རང་ཉིད་ཀྱི་དབང་བོ་སྒོ་ལྔ།  བསམ་གཞིག་དང་ཀུན་སྤྱོད་སོགས་ཀྱང་བདེ་བླག་ངང་འཕེལ་བར་སྔོན་འགྲོའི་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད་པ་རེད།  c3P

ང་ཚོའི་བོད་ཀྱི་ཁྱིམ་ཚང་གི་སློབ་གསོའི་གནས་བབ་ལ་གཞིགས་ཚེ། ད་རུང་རོང་འབྲོག་གི་ས་ཆ་མང་བོ་རུ་ཕྲུ་གུ་སྐྱེས་དུས་གཙང་སྦྲ་དང་ནད་རིགས་སྔོན་འགོག  ཕྲུ་གུའི་སྐྱེ་འཕེལ་ལ་མཁོ་བའི་ཁ་ཟས་དང་གྱོན་པ་སོགས་ཀྱི་གནས་བབ་ལ་དོ་ཁུར་གཏན་ནས་མི་བྱེད་པས།  བྱིས་པའི་སློབ་གསོ་བཟང་བོ་མྱོང་བྱེད་ཀྱི་བདེ་ཐང་གི་ལུས་པོ་དེ་ཡང་ཕྱོགས་དུ་མ་ནས་བསྐྲུན་ཐུབ་ཀྱིན་མེད་པ་དང་།  བྱིས་པར་ཐོབ་འོས་པའི་མཁོ་དངོས་མང་བོ་ཞིག་ང་ཚོས་བསམ་བཞིན་རྩ་གཏོར་བྱེད་བཞིན་འདུག  ཀྲུང་གོའི་ན་གཞོན་ཚགས་པར་ཞིག་ཏུ་ཞིབ་བརྗོད་བྱས་དོན།  ང་ཚོའི་བྱིས་པའི་ཕུང་བོའི་འཕེལ་ཚད་དེ་མཐོར་འདེགས་སུ་སོང་ནའང་།  ད་རུང་ཡོ་རོབ་གླིང་གི་མི་དང་བསྡུར་ཚེ་ཧ་ཅང་རྗེས་ལུས་ཡིན།  རིགས་རྒྱུད་སེར་བོ་ཡིན་པའི་འཇར་ཕན་གྱི་མི་དང་བསྡུར་ཚེ།  རང་རྒྱལ་གྱི་བྱིས་པ་ཕོའི་རིགས་ཀྱི་གཟུགས་ཀྱི་མཐོ་ཚད་དེ་འཇར་ཕན་ལས་ལིས་རྨིད་4.5ཡི་དམའ་ལ།  ལོ་ན་གཞོན་པའི་དུས་སུ་ད་གཟོད་འཇར་ཕན་གྱི་མི་དང་མཉམ་པའམ་ཡང་ན་དེ་ལས་བར་བརྒལ་བྱས་ཐུབ།  ཅེས་པའི་སྡོམ་ཚིག་འདི་ལས་ང་ཚོས་གསལ་རྟོགས་བྱ་ཐུབ་པ་ནི་དཔལ་འབྱོར་གྱི་མིའི་རིགས་ལ་ཐེབས་བཞིན་པའི་ནག་ཉེས་དེ་ཡིན་ལ།  ལྷག་པར་དུ་འཕྲོད་བསྟེན་གྱི་སྒྲིག་གཞི་ཞན་ཞིང་འཚོ་བར་དཀའ་ངལ་ཡོད་པའི་མཐོ་སྒང་གི་ཡུལ་གྲུ་འདི་ནས་འཚར་ལོངས་བྱུང་བའི་བྱིས་པ་མང་བོར་དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་བདེ་ཐང་གི་ལུས་པོ་ཞིག་ལྟོས་བཅས་ཀྱི་ཐོབ་ཐུབ་ཀྱིན་མེད་པས། ཁྱིམ་ཚང་གི་སློབ་གསོ་བཟང་བོ་ནི་དེ་བས་ཀྱང་མྱོང་ཐབས་མེད་པ་རེད།  དོན་དངོས་སུ་ཁྱིམ་ཚང་གི་སློབ་གསོ་ནི་བྱིས་པའི་བསམ་སྤྱོད་དང་ཐད་ཀར་དུ་འབྲེལ་བའི་འགག་སྒོ་གཙོ་བོ་ཞིག་ལགས་པས།  ང་ཚོས་ངེས་པར་དུ་དམིགས་ཡུལ་དང་ལྡན་པའི་སྒོ་ནས་ཕྲུ་གུའི་གཟུགས་པོ་དང་ཀླད་ཤུགས།    དབང་བོ་སྒོ་ལྔ་སོགས་ཀྱི་སྐྱེ་འཕེལ་བདེ་ཐང་ལ་དོ་སྣང་བྱས་ཏེ།  དེ་དང་འབྲེལ་བ་ཁ་ཚ་དགོས་གཏུགས་སུ་ཡོད་པའི་བཟའ་བ་ཟས་ཀྱི་སྐོར་དང་བཏུང་བ་ཆུ།  སྦྱོར་བ་སྨན་སོགས་དུས་ལྟར་བསྟེན་དགོས་པར་མ་ཟད།  ལྷག་པར་དུ་བྱིས་པའི་སེམས་ཁམས་བདེ་ཐང་ལ་དོ་སྣང་ཆེན་པོ་བྱེད་དགོས།  དཔེར་ན་སྨྲ་བ་ཉུང་བ།  བྱ་སྤྱོད་རྩུབ་པ།  འཁོན་ལན་སློག་པ།  རྡུང་རེས་བྱེད་པ།  རང་འགུལ་གྱི་ནུས་པ་མེད་པ།  བསམ་བློ་གཏོང་མི་ཤེས་པ།  གནས་ལུགས་མི་བརྩི་བ་སོགས་ཀྱི་སྣང་ཚུལ་ལ་བཅོས་བསྒྱུར་དང་མྱུར་སྐྱོབ་བྱས་ཏེ།  ཁྱོན་ཡོངས་ནས་རང་ཉིད་ཀྱི་བྱིས་པ་འཚོ་བ་ལ་དགའ་བ། གཞན་དོན་སེམས་པ།  རང་རྟོགས་ལྡན་པ།  བསམ་བློ་གཏོང་ཤེས་པ། ཚན་རིག་ལ་དགའ་བའི་ཡ་རབས་ཀྱི་གོམས་སྲོལ་ཆགས་ཐུབ་པར་མཐའ་གཅིག་ཏུ་བརྩོན་བཞིན་མཆིས་མོད།  ཡིན་ནའང་རང་རེའི་བོད་ཀྱི་ཁྱིམ་ཚང་གི་སློབ་གསོ་དེ་གནས་སྟངས་ག་འདྲ་ཞིག་ཏུ་ཆགས་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད།  རོང་འབྲོག་གི་ས་ཆ་གང་ཡིན་རུང་བྱིས་པས་རང་མགོ་ཅུང་ཟད་ཐུབ་པ་ནས་བཟུང་། བྱིས་པ་སྲང་ལ་བཏང་སྟེ་ཕ་མ་གཉིས་པོ་ལས་ཀར་འགྲོ་བ། ཡང་ན་བྱིས་པར་ལྕི་བ་བཏུ་ཚུལ་དང་ར་ལུག་གཏོང་ཚུལ།  ནུ་མ་བསྣུན་ཚུལ་སོགས་རང་ཉིད་ཀྱི་ལས་ཀ་དང་འབྲེལ་བ་ཡོད་པ་དག་སློབ་པ་ལས་གོང་ལྟར་སྒྲིག་གཞི་འཐུས་ཚང་དང་དམིགས་ཡུལ་ཅན་གྱི་ཁྱིམ་ཚང་གི་སློབ་གསོ་བཟང་བོ་ཞིག་གཏོང་མཁན་ནི་ཆེས་ཉུང་བས།  ང་ཚོས་ངེས་པར་དུ་བྱིས་པའི་མདུན་ལམ་དང་ཁེ་ཕན་ལ་བསམ་གཞིག་ཞིབ་མོ་ཞིག་བགྱིས་ཏེ་ཕན་ནུས་ལྡན་པའི་སློབ་གསོ་གཏོང་དགོས་པ་ལས།  རྒྱུན་པར་བྱིས་པར་སློབ་གསོ་ཚིག་གཅིག་ཀྱང་མི་གཏོང་བར་གཅར་རྡུང་།  ཡང་ན་སྙིང་ལ་གསན་པའི་གཏམ་ངན་སྨྲ་བ་ལས་བྱིས་པའི་སེམས་ཁམས་དང་བསྟུན་ནས་གོ་བསྐོན་བློ་འགུགས་ཀྱི་སློབ་གསོ་མི་གཏོང་བའི་གོམས་སྲོལ་ངན་པ་མཐའ་རུ་སྤྱུགས་ཏེ།  བྱིས་པའི་བདེ་ཐང་གི་འཚོ་བར་ཕན་པའི་སློབ་གསོ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ།  c3P

བྱིས་པའི་སེམས་ནི་ཧ་ཅང་གུ་དོག་ལ་རང་རྐྱ་ཐུབ་པ་ཞིག་གཏན་ནས་མིན་པས། སློབ་གསོ་གཏོང་མ་ཤེས་ན་བྱིས་པ་ཕ་མ་ལ་མི་དགའ་བ།  ཕ་བུ་གཉིས་ཀ་དགྲ་ལྟར་གྱུར་བ།  སློབ་གྲྭར་མི་འགྲོ་བ།  ཐ་ན་རང་སྲོག་ཀྱང་དོན་མེད་དུ་བརླག་པའི་མཇུག་འབྲས་མང་བོ་འབྱུང་བཞིན་པའང་ཁྱིམ་ཚང་གི་སློབ་གསོ་དང་ནམ་ཡང་ཁ་འབྲལ་ཐབས་མེད་པས། ང་ཚོས་ངེས་པར་དུ་བོད་རང་གི་ཁྱིམ་ཚང་གི་སློབ་གསོའི་གལ་ཆེན་རང་བཞིན་དང་ནུས་པའི་ཐད་ནས་དྲིལ་སྒྲོག་དང་བསམ་གཞིག་ཚགས་དམ་པ་ཞིག་གཏོང་དགོས་པས་ན།  གང་མྱུར་སྒོས་ཁྱིམ་ཚང་གི་སློབ་གསོ་དེ་བྱེད་ནུས་ཅན་དང་མ་ལག་ཅན་དུ་བཅོས་བསྒྱུར་དང་དར་སྤེལ་བྱ་དགོས། གཉིས།  སློབ་གྲྭའི་སློབ་གསོ་ལ་མི་ཕྱོགས་པའི་གནད་དོན། དེང་སྐབས་ང་ཚོ་བོད་ཀྱི་སྤྱི་ཚོགས་ཁྲོད་སྒྲིག་རིམ་ལྡན་ཞིང་སློབ་གསོའི་མ་ལག་འཐུས་ཚང་ཡིན་པའི་སློབ་གྲྭའི་སློབ་གསོ་ལ་མི་ཕྱོགས་པའི་གནད་དོན་དེ་འབྲོག་ཕྱོགས་སུ་ད་རུང་ཧ་ཅང་ཚབས་ཆེན་རེད།  ཉེ་བའི་ལོ་འགའི་རིང་ལ་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚད་རིམ་ལ་དམིགས་ཏེ།  ཕལ་ཆེར་གཉིས་དང་ལོ་དགུའི་འགན་བབས་སློབ་གསོ་དངོས་སུ་ལག་བསྟར་བྱས་པར་མ་ཟད། སློབ་གསོའི་བཅའ་ཁྲིམས་གཞིར་བཟུང་ནས་བྱིས་པ་སློབ་གྲྭར་མི་སྐྱེལ་བའི་ཁྱིམ་བདག་ལ་དངུལ་ཆད་གཅོད་པའི་བྱ་བཞག་ལག་ཏུ་བསྟར་བས། དེ་ལ་འཇིགས་པའི་ཁྱིམ་བདག་མང་བོ་ཞིག་གིས་རང་ཉིད་ཀྱི་བྱིས་པ་སློབ་གྲྭར་བསྐྱལ་བའི་སྣང་ཚུལ་ཡོད།                   དཔེར་ན།  རེབ་གོང་འགར་རྩེར་ཁྱབ་གདལ་དྲུག་གི་ཇུས་བཟང་ལག་ཏུ་བསྟར་བས། ༡༩༩༨ལོར་ཟླ ༣པར་འགར་རྩེ་སློབ་གྲྭ་གཅིག་པུར་སློབ་ལོ་རན་པའི་སློབ་མ་ཧ་ལམ་ཉིས་བརྒྱ་ལྷག་སློབ་གྲྭར་བསྐྱལ་འོང་བས།  ནམ་རྒྱུན་སློབ་གྲྭ་ཡོངས་སུ་སློབ་མ་བདུན་ཅུ་ལས་མེད་པའི་འབྲོག་ཁུལ་བཅའ་སྡོད་སློབ་གྲྭ་འདི་ལ་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་སློབ་མ་འདི་འདྲ་མང་བོ་ཞིག་སློབ་གྲྭར་ཐོན་པས།  སློབ་གྲྭའི་དགེ་རྒན་དང་སློང་ཁང་གི་མ་འདང་བར་ལོ་དེར་གྲ་སྒྲིག་འཛིན་གྲྭ་གསུམ་དུ་བགོས་ཤིང་སློབ་གྲྭའི་ར་བསྐོར་དུ་རས་གུར་བརྒྱབ་ཏེ་སློབ་ཁྲིད་བྱེད་པའི་གནས་ཚུལ་ངས་དངོས་སུ་མཐོང་མྱོང་།  ལོ་དེར་ད་རུང་རེབ་གོང་གི་མདོ་བ་དང་མགར་རྩེ། བཙན་མོ།  ཀླུ་ཆུ། བློན་ཆེ་སོགས་འབྲོག་ཁུལ་གྱི་སློབ་གྲྭ་མང་བོ་རུ་གོང་ལྟར་སློབ་ལོ་རན་པའི་སློབ་མ་མང་བོ་ཞིག་སློབ་གྲྭའི་སློབ་གསོ་མྱོང་བར་ཐོན་ཡོད།  ཡིན་ནའང་སྲིད་ཇུས་ཀྱི་བཏང་ལྷོད་ལ་བལྟས་ཏེ་ཁྱིམ་བདག་མང་བོ་ཞིག་གིས་བྱིས་པ་རྣམས་སྔ་ས་ནས་ཕྱིར་འཐེན་བྱས་ཚར་བ་རེད། ང་ཚོ་བོད་ཀྱི་མདོ་སྨད་ས་ཁུལ་ལ་ཆ་མཚོན་ན་རེབ་གོང་ནི་སློབ་གསོའི་མཁའ་དབུགས་ཅུང་ལེགས་པའི་ས་ཁུལ་དུ་སྲིད་ཀྱང་ཡིད་སྐྱོ་བའི་སྣང་ཚུལ་འདི་འདྲ་འབྱུང་བས་ས་ཁུལ་གཞན་ནི་སྨྲས་མ་དགོས་པ་ཞིག་རེད།  འདི་ལྟར་མིའི་རིགས་ཟླ་བའི་གོ་ལའི་སྟེང་བསྐྱོད་བཞིན་པའི་ད་ལྟའི་དུས་རབས་གསར་བའི་དཀྱོགས་མཚམས་འདི་རུ།  ང་ཚོ་བོད་ཀྱི་བྱིས་པ་ཁྲི་སྟོང་མང་བོས་ད་རུང་གནག་ཕྱུགས་ཀྱི་རྗེས་སུ་དུད་འགྲོ་ལྟ་བུའི་འཚོ་བ་རོལ་བཞིན་ཡོད་པ་ནི་ང་ཚོ་བོད་མི་རིགས་ཀྱི་ནམ་ཡང་ཁ་སྐོང་ཐབས་མེད་པའི་གྱོང་གུད་ཆེན་པོ་ཞིག་ཡིན་པར་མ་ཟད།  མི་བུ་རང་ཉིད་ཀྱིས་རང་གི་བྱིས་པའི་མི་ཚེ་ཧྲིལ་བོར་བཞག་པའི་ནག་ཉེས་ཚབས་ཆེན་ཞིག་ཀྱང་ཡིན། གོང་གི་སྣང་ཚུལ་འདི་ལྟ་བུ་ནི་གཙོ་བོ་བོད་བྱིངས་ཀྱི་རིག་གནས་ཀྱི་ཆུ་ཚད་དང་བསམ་བློའི་གོ་རྟོགས་སོགས་ཚད་རིམ་དམའ་ཤོས་སུ་ཡོད་པས།  སློབ་གྲྭའི་སློབ་གསོའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ལ་ཞེ་གཏོད་ཐུབ་ཀྱིན་མེད་པར་མི་བུ་རང་གི་བྱིས་པར་སློབ་གྲྭའི་དགེ་མཚན་མི་གླེང་བར་སྐྱོན་མཚང་སློག་ཅི་ཐུབ་བྱས་ཏེ་ལྡོག་ཕྱོགས་ཀྱི་སློབ་གསོ་སྤེལ་བས།  བྱིས་པས་ཀྱང་ཕྱུགས་རྗེས་ཀྱི་འཚོ་བ་འདི་ཉིད་དང་ལེན་བྱས་པ་རེད། ཨུ་རུ་སུའི་སློབ་གསོ་སྨྲ་བ་ཞིག་གིས་བརྗོད་དོན།  ང་ཚོས་མི་རྣམས་ཀྱི་སྣ་མང་རང་གཤིས་ལ་རྟོག་ཞིབ་བགྱི་སྐབས།  གོམས་སྲོལ་བཟང་བོ་ནི་མི་རྣམས་ཀྱི་དབང་རྩའི་མ་ལག་ཁྲོད་ཉར་བའི་ཀུན་སྤྱོད་ཀྱི་གཞི་གཙོ་བོ་དེ་ཡིན་པ་མཐོང་ཐུབ་ལ།  ཀུན་སྤྱོད་ཀྱི་གཞི་མ་འདི་དག་ནི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་དངོས་པོའི་མ་རྩ་དང་འདྲ་བར་ནུས་པ་དང་ལྡན་པའི་སྒོ་ནས་རང་ཉིད་ཀྱི་ཆེས་རིན་ཐང་ལྡན་པའི་སྟོབས་ཤུགས་དེ་བེད་སྤྱོད་བྱ་ཐུབ།  ཅེས་སྨྲས་པ་བཞིན་ཁྱིམ་ཚང་གི་སློབ་གསོའི་ཁྲོད་ནས་ཕ་མས་རང་གི་བྱིས་པ་ལ་ཡ་རབས་ཚུལ་ལྡན་གྱི་གོམས་སྲོལ་ཆགས་སུ་འཇུག་རྒྱུ་ནི་ཤིན་ཏུ་གལ་ཆེ།  ལྷག་པར་དུ་བྱིས་པའི་ནམ་རྒྱུན་གྱི་བྱ་སྤྱོད་ཁྲོད་འཚོ་བར་སྤྲོ་སེམས་ལྡན་པ།  ཐུན་མོང་ལ་ཤ་ཚ་བ།  བསམ་གཞིག་གི་ནུས་པ་ལྡན་པ།  བཟང་ངན་གྱི་དབྱེ་བ་འབྱེད་མཁས་པ།  བྱ་བ་གང་ཡིན་ཡང་རང་འགུལ་གྱིས་སྒྲུབ་པ།  དུས་ཚོད་བཀོད་སྒྲིག་བེད་སྤྱོད་བྱ་ཤེས་པའི་གོམས་སྲོལ་གྱི་མྱུ་གུ་དེ་ངེས་པར་དུ་ཁྱིམ་ཚང་གི་སློབ་གསོའི་འོག་འབུས་དགོས་ལ།  དེ་འདྲའི་བརྟན་བརླིང་སྒམ་དཀྱེལ་གྱི་སློབ་གསོའི་ཁྲོད་ནས་སློབ་གྲྭའི་སློབ་གསོ་ལ་ཕྱོགས་པའི་བློ་སྣ་འདྲེན་ཐུབ་པ་རེད།  རྒྱུ་མཚན་ནི་ཁྱིམ་ཚང་གི་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་དང་བསྡུར་ཚེ་ཚད་རིམ་དམའ་ལ།  སློབ་གྲྭའི་སློབ་གསོ་ནི་སྒྲིག་གཞི་ཚགས་དམ་ཞིང་དམིགས་ཡུལ་དང་ལྡན་པ།  མ་ལག་ལྡན་ཞིང་འཐུས་སྒོ་ཚང་བའི་སློབ་གསོ་མྱོང་ས་དེ་ཡིན་པས།  ཁྱིམ་ཚང་གི་སློབ་གསོས་བྱིས་པའི་དོན་དངོས་ཀྱི་འདོད་བློ་སྐོང་མི་ཐུབ་པས་གོམ་གང་མདུན་སྤོས་སྒོས་སློབ་གྲྭའི་སློབ་གསོ་ལ་ཕྱོགས་པའི་འདུན་པ་དེ་བསྐྱེད་བསྲིང་བྱ་ཐུབ་པས།  སློབ་གྲྭའི་སློབ་གསོ་ལ་དགའ་མིན་དེ་ཡང་ཁྱིམ་ཚང་གི་སློབ་གསོ་ལ་རག་ལས་ཆེན་པོ་ཡོད། རང་རེའི་བོད་ཀྱི་ལོ་ཆུང་བྱིས་པ་མང་བོ་ཞིག་གིས་ཁྱིམ་ཚང་གི་སློབ་གསོ་བཟང་བོ་ཞིག་གཏན་ནས་མྱོང་ཐུབ་ཀྱིན་མེད།  ལྷག་པར་དུ་རོང་འབྲོག་ས་ཁུལ་གྱི་གནས་བབ་ལ་གཞིགས་ཚེ།  བྱིས་པས་རང་མགོ་ཅུང་ཐོན་པ་ནས་བཟུང་ཁོ་ཚོའི་ལོ་ཚོད་དང་ཡང་ན་ནུས་པ་དང་མི་འཚམས་པའི་ལས་ཀ་མང་བོ་ཞིག་བཀོད་སྒྲིག་བགྱི་བཞིན་ཡོད། དཔེར་ན། ལོ་དགུ་བཅུ་ལྷག་གི་བྱིས་པ་ལ་ལོ་གཅིག་གཉིས་ཅན་གྱི་བྱིས་པ་གཉོར་དུ་འཇུག་པར་མ་ཟད། ཕ་མ་གཉིས་པོ་ལས་ཀར་སོང་ཤུལ་དུ་ཟས་དང་སྐོམ་ཆུ་བཟང་བོ་མེད་པར་ནོར་ལུག་འཚོ་བ།  ལྕི་བ་འཐུ་བ།  གང་འདོད་དུ་འཁྱམས་པ་སོགས་ཀྱི་སྣ་མང་རྙོག་འཛིང་གི་བྱ་བའི་ཁྲོད་ནས་བྱིས་པས་བློ་ཡུལ་ལས་འགོངས་པའི་བྱ་དངོས་མང་བོ་རི་ལྟར་སྤུངས་ཚེ།  ཁྱིམ་ཚང་གི་སློབ་གསོ་བཟང་བོ་མྱངས་མ་ཐུབ་པའི་བྱིས་པ་རྣམས་ཀྱིས་ལྟོགས་ན་གཞན་གྱི་ཟས་འཕྲོག་པ་ཡང་ན་རྐུས་བྱེད་པ།  ཚིག་རྩུབ་སྨྲ་བ།  འཁོན་རེས་བྱེད་པ། རང་ཉིད་ཁོ་ན་མ་གཏོགས་བསམ་མི་ཤེས་པ་སོགས་ཀྱི་བྱ་ངན་ལ་གོམས་ན་ནི།  ཐུན་མོང་དང་སྤྱི་ཚོགས།  ཚན་རིག  སློབ་གསོ་ལ་དགའ་བའི་བྱིས་པ་ཞིག་འཚར་ལོངས་འབྱུང་ཐབས་མེད།  ཐ་ན་དཀའ་ངལ་གྱིས་དེད་པའི་བྱིས་པ་མང་བོ་ཞིག་གིས་སློབ་གྲྭའི་སློབ་གསོ་བྱ་བ་གཏན་ནས་མྱོང་ཐུབ་ཀྱིན་མེད་ལ།  སློབ་གྲྭའི་སློབ་གསོ་མྱོང་བཞིན་པའི་བྱིས་པ་རྣམས་ཀྱི་ལོ་ཚོད༩-༡༡-༡༣བར་རེད།  རང་རེའི་བོད་ཁུལ་གྱི་བྱིས་པ་མང་བོས་ཁྱིམ་ཚང་གི་སློབ་གསོའི་ནུས་པ་འཛོམས་ཤིང་འཆར་བཀོད་ལྡན་པ་ཞིག་གཞིབས་ཐུབ་ཀྱིན་མེད་པས།  ཐད་ཀར་དུ་སྒྲིག་གཞི་ལྡན་ཞིང་མ་ལག་འཐུས་ཚང་ཅན་གྱི་སློབ་གྲྭའི་སློབ་གསོ་བསྡུ་ལེན་བྱེད་པར་དཀའ་རྙོག་མང་བོར་འཕྲད་ཀྱིན་ཡོད་པས།  འདི་ནི་སློབ་གྲྭའི་སློབ་གསོ་ལ་ཕྱོགས་ཀྱིན་མེད་པའི་རྒྱུ་རྐྱེན་གཙོ་བོ་གཅིག་རེད། ལྷག་པར་དུ་སློབ་གྲྭའི་སློབ་གསོ་མྱོང་བཞིན་པའི་བྱིས་པ་མང་བོས་སློབ་གྲྭའི་སློབ་གསོ་མྱོང་ཀྱིན་མེད་པའི་བྱིས་པའི་འཚོ་བ་ནི་རང་དབང་དང་སྤྲོ་སྣང་ལྡན་པར་མཐའ་གཅིག་ཏུ་འདོད་དེ།  སློབ་གྲྭའི་སློབ་གསོ་མྱོང་བའི་འདུན་པ་ཆེ་ཆུང་དུ་འགྲོ་བཞིན་ཡོད། དེང་སྐབས་ང་ཚོ་བོད་ཀྱི་སློབ་གསོའི་ལས་གནས་སྟེང་རིག་པ་རྣོ་ཞིང་སྤྱང་གྲུང་འཛོམས་པ།  གཟུགས་གཞི་བདེ་ཐང་ཡིན་པ།  སློབ་སྦྱོང་དང་ཚན་རྩལ་རིག་གནས་ལ་དགའ་བའི་ལོ་ཆུང་བྱིས་པ་མང་བོ་ཞིག་སློབ་གྲྭ་ནས་ཕྱིར་འབུད་པའི་གནས་ཚུལ་ནི་ལོ་རེ་ལས་ལོ་རེར་ཚབས་ཆེན་དུ་འགྲོ་བཞིན་འདུག་པས།  བོད་ཀྱི་སློབ་གསོ་ལ་སྙིང་ཁོང་རུས་པའི་སྟེང་ནས་ཞེན་པའི་འགོ་ཁྲིད་དང་ཤེས་ཡོན་ཅན།  དགེ་རྒན་མི་ཉུང་བ་ཞིག་ལ་བློ་འཚབ་ཆེན་པོ་སྐྱེས་སུ་བཅུག་ལ།  མི་རིགས་ཉམས་རྒུད་དུ་འགྲོ་བའི་སློབ་གསོའི་གནད་ཀ་འདི་ལ་རང་ས་ནས་མི་མང་བོ་ཞིག་གིས་སེམས་ཁུར་དང་བསམ་བློ་གཏོང་བཞིན་ཡོད།  འདིར་ང་ཚོས་ཞིབ་ཏུ་བསམ་བློ་རེར་བཏང་ན་གོང་དུ་བརྗོད་པའི་གནད་དོན་དེ་ཁོ་ན་ནི་མི་རབས་རྗེས་མ་འཕྲོ་བརླག་ཏུ་གཏོང་བའི་འགད་རྫས་ཁོ་ན་ཡིན་ནམ་ཞེ་ན་མ་ཡིན་ཏེ།  དཔལ་འབྱོར་གྱིས་བོད་ཀྱི་བྱིས་པ་མང་བོ་ཞིག་སློབ་གྲྭ་ནས་ཕྱིར་འབུད་གཏོང་བཞིན་ཡོད།  ཉེ་བའི་ལོ་འགའི་རིང་དུ་རོང་འབྲོག་གི་ས་ཆ་མང་བོ་བཟོ་གྲྭ་བཙུགས་པ་དང་ནགས་ཚལ་སྔོག་འདོན་བྱས་པས་མཁའ་དབུགས་འབག་གཙོག་ཏུ་བཟོས་ཏེ།  ལོ་རེར་ཆར་ཆུ་དུས་སུ་མི་འབབ་ཅིང་ཐན་སྐྱོན་རྒོད་པ།  རང་བྱུང་གི་གནོད་འཚེ་མང་བས་ཞིང་བར་ལོ་ལེགས་མི་འབྱུང་ཞིང་འབྲོག་པར་རྩྭ་ཆུ་དཀོན་པ།  དབྱར་རྩྭ་དགུན་འབུ་ཡང་རྩ་མེད་དུ་འགྲོ་བའི་ཉེན་གནས་ལ་འཕྲད་པས་དཔལ་འབྱོར་གྱི་ཡོང་འབབ་གློ་བུར་དུ་མར་ཆགས་པས།  ཁོ་ཚོས་ཤ་ཁྲག་ལས་ཆད་པའི་བྱིས་པ་མང་བོ་ཞིག་སློབ་གྲྭ་ནས་ཕྱིར་འཐེན་མི་བྱེད་ཀ་མེད་དུ་གྱུར། སློབ་གྲྭའི་སློབ་གསོའི་ཚེ་སྲོག་རྦད་ནས་གཅོད་བྱེད་ཀྱི་རལ་གྲི་ནི།  ཁོ་ཚོར་ཆ་རྐྱེན་ཞན་ནའང་རང་ནུས་ཅི་ལྕོགས་ཀྱིས་དངོས་ཤུགས་དང་རྒྱུ་ཤུགས་སོགས་ཁྱིམ་ཚང་གི་ནུས་པ་ཡོད་ཚད་བཏོན་ཀྱང་།  སློབ་ཆེན་ནས་མཐར་ཕྱིན་རྗེས་མཐའ་མཇུག་བྱ་བ་ཞིག་ཀྱང་བགོ་མི་ཐུབ་པའི་གནད་དོན་འདིས་བོད་ཀྱི་བྱིས་པ་མང་བོ་སློབ་གྲྭ་ནས་ཕྱིར་འབུད་བཏང་བ་དང་།  སློབ་གྲྭ་ན་སློབ་གསོ་ཟབ་མོ་མྱོང་བཞིན་པའི་སློབ་མ་རྣམས་ཀྱི་བསམ་བློའི་ཁང་བཟང་དུ་འགད་རྫས་ཆེན་པོ་ཞིག་བཞག་ཡོད་པས།  སློབ་གྲྭའི་སློབ་སྦྱོང་གི་མཁའ་དབུགས་ཀྱང་སྔོན་ཆད་དང་བསྡུར་ཚེ་གཏད་སོ་མེད་པ་ཞིག་ཏུ་ཆགས་ཀྱིན་ཡོད།  མདོར་ན་བོད་ཀྱི་རོང་འབྲོག་གི་མང་ཚོགས་མང་བོ་ཞིག་སློབ་གྲྭའི་སློབ་གསོ་ལ་ཕྱོགས་ཀྱིན་མེད་པའི་གནད་ཀ་ནི་ཁྱིམ་ཚང་གི་སློབ་གསོ་ལ་དོ་ཁུར་མི་བྱེད་པ།  དཔལ་འབྱོར་གྱི་རྨང་གཞི་ཞན་པ།  སློབ་མཐར་ཕྱིན་ཕྱིན་རྗེས་བྱ་བ་བགོ་མི་ཐུབ་པའི་གནས་སྟངས་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལྕི་བའི་ཚོད་རེད།  ཡིན་ནའང་ང་ཚོས་བོད་ཀྱི་སློབ་གསོའི་བྱ་བཞག་ཤིན་ཏུ་ཉག་ཕྲ་བའི་དུས་སྐབས་འདིར།  རང་ཉིད་ཀྱི་བློ་གྲོས་དང་དཔའ་ངར།  ལག་ཟུང་ལ་བརྟེན་ནས་མི་རིགས་ཀྱི་མ་འོངས་པའི་ལས་དོན་ལ་ཕན་པའི་བྱ་བཞག་རླབས་པོ་ཆེ་ཕྲག་ཏུ་བཞེས་དགོས་པ་ལས།  བག་འཁུམས་དང་རྨོངས་མུན་གྱི་གནས་སུ་འཁྱམས་ན་ང་ཚོར་མདུན་ལམ་ཟེར་བ་ཞིག་གཏན་མེད་ཡིན་པས།  ངེས་པར་དུ་རང་གི་ཕྲུ་གུ་རྣམས་སློབ་གསོའི་མཁའ་དབུགས་གཙང་བའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་བསྐྱལ་ནས་ང་ཚོའི་མི་རབས་རྗེས་མ་རྣམས་མི་རིགས་སྤྱི་དང་ཐུན་མོང་།  ཚན་རྩལ་དང་རིག་གནས་ལ་དགའ་བ།  གསར་གཏོད་ཀྱི་སྙིང་སྟོབས་མངའ་བའི་ཤེས་ཡོན་ཅན་གྱི་རུ་དཔུང་བཙན་པོ་ཞིག་རང་ས་ནས་གསོ་སྐྱོང་བྱ་རྒྱུ་ནི་ང་ཚོའི་མི་རིགས་འདིས་ས་ཡི་གོ་ལའི་སྟེང་ནས་ཡུན་རིང་འཚོ་ཐུབ་མིན་ལ་རག་ལས་ཡོད། གསུམ།  རྒྱུགས་གཉེར་སློབ་གསོས་སྤུས་གཉེར་སློབ་གསོ་ལ་ཐེབས་པའི་ཤུགས་རྐྱེན།c3P

ཉེ་ཆར་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཀུན་ཏུ་རང་གི་སློབ་གསོའི་བྱ་བཞག་ཁུར་དུ་ཁྱེར་བའི་འགོ་ཁྲིད་དང་དགེ་རྒན་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་སྟོབས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་ཤེས་ལྡན་མི་སྣ་འབོར་ཆེན་སྐྱེད་བསྲིངས་བྱས་ཏེ།  ཚན་རྩལ་རིག་གནས་ཀྱིས་ཡོད་ཚད་གོ་འབྱེད་བཞིན་པའི་དུས་རབས་གསར་བའི་གདོང་བསུས་པར་མ་ཟད།  རླབས་ཆེན་གྱི་སློབ་གསོའི་བྱ་བཞག་ལ་གཟི་འོད་རབ་ཏུ་འབར་བའི་ལག་རྗེས་རི་རབ་ཀྱི་གཏོས་དང་མཉམ་པ་ཞིག་བཞག་ཡོད་མོད།  ཡིན་ནའང་དེང་སྐབས་ཀྱི་འཛམ་གླིང་འཕེལ་རྒྱས་ཀྱི་གནས་བབ་དང་བསྟུན་ནས་དུས་རབས་རང་བཞིན་གྱི་ཤེས་ལྡན་མི་སྣ་སྐྱེད་བསྲིང་དང་།  ཁྱོན་ཡོངས་ནས་སློབ་མར་བསམ་གཞིག་གི་ནུས་པ་དང་བརྩེ་སེམས་ཀྱི་ནུས་པ།  གསར་གཏོད་ཀྱི་ནུས་པ་ངེས་ཅན་མངའ་བའི་རྗེས་རབས་པ་ཚད་ལྡན་ཅན་དུ་ཆགས་པའི་སྤུས་ཀ་གཙོ་གཉེར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།  དེ་ལྟར་ནའང་སློབ་གསོ་བྱ་བའི་ལས་གནས་སྟེང་དུ་ད་རུང་འགོ་ཁྲིད་དང་དགེ་རྒན་མི་ཉུང་བ་ཞིག་གིས་རྒྱུགས་གཞི་དང་འབྲེལ་བའི་ཤེས་བྱའི་སྐོར་སློབ་མ་ལ་འཆད་སྦྱོང་བྱེད་དུ་འཇུག་པ་ལས། སློབ་མའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཅི་ཞིག་ཁྲིད་དགོས་པ་དང་གང་ཞིག་འཛིན་དགོས་པར་དཔྱད་ཞིབ་ལེགས་པོ་ཞིག་བགྱི་བཞིན་མེད།  དགེ་རྒན་གྱིས་ངེས་པར་དུ་རྨང་གཞི་དོ་མི་མཉམ་པའི་འཛིན་གྲྭའི་ཁྲོད།  དམིགས་ཡུལ་དང་འཆར་བཀོད་ལྡན་ཞིང་ཐབས་ཤེས་ཟུང་འབྲེལ་སྒོས་རྨང་གཞི་བཟང་བོའི་སློབ་མ་རྣམས་ཤེས་བྱས་མི་རྒྱགས་པ་དང་རྨང་གཞི་ཞན་པའི་སློབ་མ་དག་ལ་ཤེས་རིག་གི་ཟས་བཅུད་སྟེར་ཚོད་མ་ཟིན་པར་ཁ་ནས་ཕྱིར་སྐྱུགས་པའི་སློབ་ཁྲིད་གཏན་ནས་མི་བྱེད་པར་གདུལ་བྱའི་བློ་དང་འཚམས་པའི་སྒོ་ནས་ཤེས་བྱ་འཆད་ཁྲིད་བགྱིས་ཏེ།  སློབ་མའི་སློབ་སྦྱོང་གི་མཁའ་དབུགས་སྔར་ལས་གཙང་བཟོ་བྱ་རྒྱུ་ནི་ད་ལྟའི་བོད་ཀྱི་སློབ་གསོ་བྱ་བའི་གནད་ས་ཞིག་རེད།  མིག་སྔར་བོད་ཀྱི་དཔེ་ཁྲིད་མི་སྐྱོང་གི་ལས་གནས་ཁྲོད།  དགེ་རྒན་མི་ཉུང་བ་ཞིག་གིས་སློབ་ཁྲིད་ལ་དམིགས་ཡུལ་དང་འཆར་བཀོད་མེད་པར་རང་སྣང་གང་ཤར་བྱེད་བཞིན་ཡོད། ལྷག་པར་དུ་ས་གནས་དང་སློབ་གྲྭའི་ལྷན་རྒྱུགས་ལེན་ལ་ཉེ་སྐབས།  རྒྱུགས་གཞི་དང་འབྲེལ་བའི་སྦྱོང་ཚན་དག་བློར་འཛིན་རྐྱང་དང་ཚོད་རྒྱུགས་ཆུ་ལོག་ལྟར་ལེན་རྐྱང་བྱས་པ་ལས་སློབ་མའི་རྩ་བའི་ཁེ་ཕན་ལ་བསམ་བློ་གཏོང་མཁན་ཆེས་ཉུང་ཉུང་རེད།  སློབ་གྲྭ་དང་མི་སྒེར་གྱི་སྙན་གྲགས་ཉི་ཚེ་བ་ཙམ་ལ་བསམ་བློ་གཏོང་རྐྱང་བྱས་པ་ལས་དུས་རབས་ཀྱི་ཁ་གཅོག་ཐུབ་པའི་རྗེས་རབས་པའི་སྤུས་ཚད་མཐོར་འདེགས་བྱ་བ་དང་དུ་ལེན་མཁན་ནི་རུས་སྦལ་གྱི་སྤུ་དང་མོ་གཤམ་གྱི་བུ་རེད།  རྒྱུན་པར་སློབ་མ་རྣམས་ཀྱིས་བསླབ་ཟིན་པའི་ཤེས་བྱ་ལ་གཏིང་ནོན་དང་སློབ་བཞིན་པ་ལ་ཚད་འཇལ།  སློབ་ཉེ་བ་ལ་གྲ་སྒྲིག་ངོས་གཙང་ཞིག་མེད་པར་སློབ་ཐུན་ཁྲོད་མ་གླེན་པས་བུ་གཉོར་བ་ལྟ་བུའི་བརྟུལ་ཞུགས་ངན་པ་ནད་ཡམས་བཞིན་མཆེད་དེ་རྒྱུགས་གཉེར་སློབ་གསོ་གཅིག་པུའི་མིག་འབྲས་བཞིན་སྲུང་བཞིན་ཡོད།  སྤྱིར་བཏང་དུ་སློབ་རྒྱུགས་ནི་ང་ཚོས་བསླབ་ཟིན་པའི་འབྲེལ་ཡོད་ཤེས་བྱ་དག་ཚད་འཇལ་བྱེད་ཀྱི་ཁྲུ་ཙེ་ལྟ་བུ་ཞིག་ཡིན་པ་ལས་ཐད་ཀར་དུ་སྐར་འབྲས་ཀྱིས་སློབ་མ་ཞིག་གི་ཡོད་ཚད་འཇལ་བ་ནི་ལོང་བས་གླང་ཆེན་གྱི་ལུས་ལ་རེག་སྟེ་ཚད་གཞི་འཛིན་པའི་ཚོད་ལྟ་བུ་ལགས། ལྷག་པར་དུ་སྐར་འབྲས་བཟང་མིན་ནི་སློབ་གྲྭ་དང་འགོ་ཁྲིད།  དགེ་རྒན་གྱི་སྤུས་ཚད་འཇལ་བྱེད་ཀྱི་འདེགས་ཤིང་ལྟ་བུར་གྱུར་བས།  རྒྱུགས་གཉེར་སློབ་གསོའི་རྩ་བའི་ལངས་ཕྱོགས་དེ་ད་རུང་བསྒྱུར་ཐུབ་ཀྱིན་མེད། མདོར་ན་དམིགས་ཡུལ་དང་འཆར་བཀོད།  གྲ་སྒྲིག་ཡོད་པའི་སྒོ་ནས་སློབ་མའི་བསམ་གཞིག་དང་ཤེས་རྟོགས།  གསར་གཏོད་ཀྱི་ནུས་པར་དམིགས་ནས་ཤེས་བྱ་སྣ་ཚོགས་མཁོ་སྤྲོད་དང་བསྡུ་ལེན་བྱེད་དུ་བཅུག་ཏེ།  ང་ཚོའི་མི་རིགས་ཀྱི་སློབ་མ་དུས་རབས་དང་སྤྱི་ཚོགས།  འཛམ་གླིང་འཕེལ་རྒྱས་ཀྱི་གནས་བབ་དང་མཐུན་པའི་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་དགོས་ན།  སློབ་གསོའི་ལས་གནས་སུ་མཐའ་གཅིག་ཏུ་སྤུས་གཉེར་སློབ་གསོ་ལ་ཤུགས་བྱེད་རྒྱུ་ནི་དངོས་གནས་གལ་ཆེའོ། བཞི།  ཆེད་གཉེར་མི་སྣ་དཀོན་པས་སློབ་གསོ་ལ་ཐེབས་པའི་ཤུགས་རྐྱེན། སློབ་གསོ་ནི་ཁྱོན་ཡོངས་ནས་མིའི་ཀུན་སྤྱོད་དང་བསམ་བློ།  ནུས་པ།  རིན་ཐང་སོགས་གསོ་སྦྱོང་བྱེད་པའི་དམིགས་ཡུལ་ཅན་གྱི་འགུལ་བསྐྱོད་ཅིག་ཡིན་ལ།  དེ་ནི་དངོས་ཡོད་འཚོ་བའི་དགོས་མཁོ་ལ་དམིགས་བཙུགས་ཏེ་མ་ལག་ལྡན་ཞིང་སྒྲིག་གཞི་ཚང་བ།  འཆར་བཀོད་ཡོད་པའི་སྒོ་ནས་ཤེས་བྱ་བརྒྱུད་སྤྲོད་དང་བསམ་བློ་བསྒྱུར་བཀོད།  སྟོབས་ཤུགས་གསར་སྤེལ་གྱིས་མིའི་ཁོར་ཡུག་དང་འཚོ་བ།  ལུས་སེམས་ཡར་རྒྱས་སུ་གཏོང་བ་ནི་སློབ་གསོའི་བླ་སྲོག་ལྟ་བུ་ཡིན།c3P

སློབ་གསོ་གཏོང་མཁན་དང་སློབ་གསོ་མྱོང་མཁན།  སློབ་གསོའི་འཆར་བཀོད་གསུམ་ནི་སློབ་གསོ་བྱ་བའི་འགག་སྒོ་གཙོ་གྲས་ཡིན་ལ།  སློབ་གསོ་གཏོང་མཁན་དང་སློབ་གསོ་འཆར་བཀོད་གཉིས་ནི་ཐད་ཀར་དུ་སློབ་གསོ་མྱོང་མཁན་གྱི་དགོས་མཁོ་དང་དངོས་དང་འཚམས་པ་ཞིག་ཡིན་ན་ནི།  སློབ་གསོ་མྱོང་མཁན་གྱིས་གོང་གི་སློབ་གསོའི་མ་ལག་གཙོ་བོ་དེ་གཉིས་ཀྱི་ཁྱབ་ཁོངས་ཁྲོད་འགུལ་བསྐྱོད་བྱས་ཏེ་སློབ་གསོའི་རྩི་བཅུད་གཞིབས་དགོས་པས།  དེང་སྐབས་ང་ཚོ་བོད་ཀྱི་སློབ་གྲྭ་མང་བོས་ཀྱང་སློབ་གསོའི་འཆར་བཀོད་དེ་ཉིད་སློབ་གསོའི་དམིགས་ཡུལ་འགྲུབ་བྱེད་ཀྱི་ཐབས་ལམ་དུ་དགོངས་ནས་ཤེས་བྱའི་སྣ་སྒོ་འཛོམས་ཤིང་རིན་ཐང་ལྡན་པ།  དེང་རབས་སློབ་གསོའི་འཕེལ་ཁ་དང་མཐུན་པའི་བསླབ་དེབ་དང་སློབ་ཆས།  མཁོ་དངོས་གང་མང་ཞིག་ལེགས་སྒྲིག་བྱེད་ཀྱིན་ཡོད། དེ་ལྟར་ནའང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་དུས་རབས་ཀྱི་འགྲོས་དང་མཐུན་པའི་བསླབ་བྱ་མང་བོ་ཞིག་དུས་ལྟར་བཀོད་སྒྲིག་བྱས་ཀྱང་།  ཆེད་གཉེར་མི་སྣ་དཀོན་པའི་སྣང་ཚུལ་འདིས་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་བཞག་ལ་གནོད་འཚེ་རི་ལྟར་སྤུངས་པས་སློབ་གསོ་བདེ་ཐང་ཅན་དུ་ཁ་ཕྱོགས་རྒྱུ་ནི་དཀའ་ཚེགས་སུ་གྱུར་ཡོད།   མི་རིགས་ས་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་ཆེད་གཉེར་མི་སྣ་དཀོན་པའི་གནད་དོན་ཁྱབ་གདལ་དུ་གནས་ཡོད།  ལྷག་པར་དུ་སློབ་ཆུང་ཞིག་ལ་ཆ་མཚོན་ན།  གླུ་དབྱངས་དང་རི་མོ།  རྩལ་སྦྱང་།  དབྱིན་ཡིག  རྒྱ་ཡིག་སོགས་དང་སློབ་འབྲིང་ཞིག་ལ་ཆ་མཚོན་ན།  ཆབ་སྲིད་དང་ས་ཁམས།  ལོ་རྒྱུས།  གློག་ཀླད།  ལུས་རྩལ། རོལ་དབྱངས་བཅས་ཀྱི་ཆེད་གཉེར་དགེ་རྒན་མེད་པའི་གནད་དོན་ད་རུང་ཚབས་ཆེན་ཡིན། ཆེད་གཉེར་མ་ཡིན་པའི་གནད་དོན་གཙོ་བོ་བསླབ་བྱ་དང་འབྲེལ་ཡོད་ཀྱི་ཤེས་བྱའི་རྨང་གཞི་ཞན་པ་དང་ཉམས་མྱོང་མེད་པས།  རྒྱུན་པར་སློབ་གསོའི་བྱ་བ་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་ཀྱིན་ཡོད།  དཔེར་ན།  སློབ་གྲྭ་ཆེ་གེ་མོ་ཞིག་གིསB དགེ་རྒན་གྱིས་སྐབས་དོན་ཆབ་སྲིད་ཀྱི་སློབ་ཁྲིད་བྱེད་སྐབས་སུ། “奥运会在澳大利亚的悉尼隆重进行”ཟེར་བ་དེའི་རྒྱ་ཡིག་གི་ཧ་མ་གོ་བར་སློབ་མ་རྣམས་ལ་འགྲེལ་བཤད་བྱེད་དུས།  ཨོ་ལིན་ལུས་རྩལ་འགྲན་ཚོགས་ནི་ཨོ་སི་ཁྲུ་ལི་ཡའི་ལོང་ཀྲུང་ཞེས་པའི་ས་ཆར་ཚོགས་ཡོད། ཅེས་དགོད་བྲོ་བའི་ལོག་བཤད་ཆེན་པོ་བྱས་འདུག འདི་ལྟ་བུའི་སྣང་ཚུལ་ནི་བོད་ཀྱི་སློབ་གསོའི་ཁྱབ་ཁོངས་ཁྲོད།  རྟ་མོག་གི་རྒྱབ་ཀྱི་སྤུ་བཞིན་གང་སར་འབྱུང་ཀྱིན་ཡོད་ལ།  གཞན་ཡང་ཆེད་གཉེར་མ་ཡིན་པའི་དགེ་རྒན་མང་བོ་ཞིག་གིས་སློབ་ཚན་གྱི་འབྲེལ་ཡོད་ནང་དོན་མི་གོ་བ་དང་ཡང་ན་འགྲེལ་དཀའ་བ་དག་གོང་ལྟར་ལོག་འགྲེལ་དང་ཡང་ན་སློབ་ཕྲུག་རྣམས་ལ་མི་འཆད་པའི་གནད་དོན་མཆིས་ལ།  ཡང་སྐབས་འགར་རིག་པ་རྣོ་བའི་སློབ་མ་འགའ་རེས་འབྲེལ་ཡོད་བསླབ་བྱའི་ཟབ་དོན་རྟོགས་ཏེ་དེའི་ཕྱོགས་ཀྱི་ཤེས་བྱའི་ཟབ་གནད་དག་དྲི་བའི་ཚུལ་དུ་བཏོན་ཚེ།  ཆེད་གཉེར་མིན་པའི་དགེ་རྒན་རྣམས་ཀྱིས་ཁ་ལན་སློག་མི་ཐུབ་པར་མ་ཟད།  ཐ་ན་རང་ཉིད་ཀྱིས་འབྲེལ་ཡོད་ཡིག་ཚང་ཀློག་སྟེ་བརྟག་ཅིང་དཔྱད་ནའང་དགེ་རྒན་རང་ཉིད་ཀྱིས་ད་རུང་ཧ་གོ་ཀྱིན་མེད་པའི་སྣང་ཚུལ་འདུག རོལ་དབྱངས་ལྟ་བུ་ལ་ཆ་མཚོན་ནའང་དགེ་རྒན་རང་ཉིད་ཀྱིས་ལེན་ཤེས་པའི་གླུ་དབྱངས་རེ་གཉིས་ཙམ་བསླབ་ཏེ་དུས་ཚོད་གཏོང་ཐབས་བྱས་པ་མ་གཏོགས། རོལ་དབྱངས་ཀྱི་གཞི་རྩའི་དབྱངས་འགྲོས་དང་གོ་རིམ།  འགྱུར་ཁུགས་ཀློག་བྱེད་ཀྱི་རྩ་བའི་ཤེས་བྱ་འཆད་ཤེས་པའི་ཆེད་གཉེར་དགེ་རྒན་མི་རིགས་ས་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་ག་ཚོད་ཡོད།  མཛུབ་ཀུ་ནང་འགུགས་བྱས་ཏེ་བགྲང་རྒྱུ་ཡོད་དམ།  ཐ་ན་རོལ་ཆས་གཅིག་ཀྱང་འབུད་དཀྲོལ་བྱ་མི་ཤེས།  རྩལ་སྦྱང་སློབ་ཁྲིད་ལྟ་བུར་ཆ་མཚོན་ནའང་ལྒང་ལི་རྩེ་བ་དང་སློབ་གྲྭའི་ར་བསྐོར་དུ་བསྐོར་བ་ཙམ་རྒྱག་ཏུ་འཇུག་པ་སོགས་གནག་རྫི་གླེན་པ་ཞིག་གིས་ཀྱང་རྟོགས་ནུས་པའི་སྣང་ཚུལ་འདི་དག་ལས་རྩལ་སྦྱང་གི་གཞི་རྩའི་ཤེས་བྱ་དང་གཞུང་ལུགས་ཆ་ཙམ་བརྗོད་མཁན་གྱི་དགེ་རྒན་ནི་དུས་རབས་ཉེར་གཅིག་པའི་གདོང་བསུ་བཞིན་པའི་མདོ་དབུས་མཐོ་སྒང་དུ་ད་རུང་རི་བོང་གི་རྭ་དང་རུས་སྦལ་གྱི་སྤུ་རེད།  འདི་ལྟ་བུའི་སློབ་གསོའི་མཁའ་དབུགས་ཁྲོད་ནས་མི་རིགས་དང་རྒྱལ་ཁབ།  འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས།  འཆམ་མཐུན་ལ་ལག་རྗེས་མི་དམན་པ་འཇོག་ཐུབ་པའི་མི་རབས་རྗེས་མ་ཞིག་གསོ་སྐྱོང་བྱ་ཐུབ་མིན་ལ་སྐུ་ཉིད་ཀྱིས་ཀྱང་བསམ་བློ་ཞིག་གཏོང་རོགས། ལྔ། སློབ་ཐོན་འཇོན་མི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མི་འཚམས་པའི་གནད་དོན། བརྡ་འཕྲིན་དང་ཚན་རྩལ་རིག་གནས་བླ་ལྷག་ཏུ་འཕེལ་བཞིན་པའི་ད་ལྟའི་དུས་རབས་སུ།  སློབ་གསོ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་འགྲོ་བཞིན་ཡོད་ལ།  ཚན་རྩལ་རིག་གནས་ཀྱིས་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ཐག་གཅོད་རང་བཞིན་གྱིས་ཛ་དྲག་གི་འཐབ་འཛིང་བྱེད་བཞིན་མཆིས་པས།  ང་ཚོ་འཚོ་སྡོད་བྱེད་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་མི་རྣམས་ཀྱི་ཤེས་རིག་གི་བྱང་ཚད་དེ་ཚད་མཐོར་སླེབས་དགོས་པར་འབོད་སྐུལ་ཡང་ཡང་གཏོང་ཀྱིན་ཡོད། དེར་བརྟེན་ང་ཚོའི་མདོ་དབུས་མཐོ་སྒང་དུ་གནས་བརྟེན་འཆའ་བཞིན་པའི་མིའི་རིགས་ཀྱི་སྤུས་ཀ་དོན་དངོས་དང་མཐུན་པར་མཐོར་འདེགས་སུ་གཏོང་དགོས་ནའང་གཙོ་བོར་སློབ་གསོ་ལ་བརྟེན་དགོས།  ལྷག་པར་དུ་སློབ་གྲྭའི་སློབ་གསོ་དེ་དུས་རབས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དགོས་མཁོ་དངོས་ལ་གཞིགས་ནས་བཀོད་སྒྲིག་ཚགས་དམ་པོ་ཞིག་བྱེད་རྒྱུ་ནི་སློབ་གསོ་བྱ་བའི་གནད་འགག་གཙོ་བོ་ཞིག་རེད། ད་ལྟའི་དུས་སྐབས་སུ་གློག་རྡུལ་དྲ་བའི་རྩིས་འཁོར།  བརྡ་འཕྲིན་བརྒྱུད་གཏོང་། རྡུལ་ཕྲན་དང་འོད་ནུས་ཞིབ་འཇུག  བར་སྟོང་འཕུར་བསྐྱོད།  གོ་ལ་གཞན་གྱི་གཏེར་ཁ་སྔོག་འདོན་སོགས་ཚན་རྩལ་གྱིས་འཇིག་རྟེན་ལ་ཁ་ལོ་བསྒྱུར་བཞིན་ཡོད་ནའང་།  ད་རུང་ང་ཚོའི་སློབ་གྲྭ་ཆེན་མོ་དག་ན་མི་རིགས་རང་ཉིད་ཀྱི་རྩོམ་རིག་དང་ལོ་རྒྱུས།  བརྡ་སྤྲོད།  ནང་དོན་རིག་པ།  སྨན་དང་ཡིག་བསྒྱུར་བཅས་ཀྱི་ཆེད་གཉེར་ཙམ་ལས་མིག་སྔར་གྱི་སྤྱི་ཚོགས་འཕེལ་རྒྱས་ལ་མེད་དུ་མི་རུང་བའི་ཤེས་བྱ་མང་བོ་ཞིག་ཉིན་རེ་ལས་ཉིན་རེར་སྟོང་ཆར་འགྱུར་བཞིན་ཡོད་མོད།  འོན་ཀྱང་མཁྲེགས་འཛིན་གྱི་ལྟ་བའི་ཀློང་ན་རང་ཉིད་ཤེས་ལྡན་པར་ཁས་འཆེས་པ་རྣམས་ཀྱིས་སྤྱི་ཚོགས་ཀྱི་དགོས་མཁོ་དངོས་ལ་ཆ་ཙམ་མི་ལྟ་བར་རྗེས་རབས་པ་ཁ་ཤས་ཤིག་སྐྱེད་བསྲིང་བྱ་བཞིན་ཡོད་མོད།  ང་ཚོའི་བཅོས་བསྒྱུར་སྤུ་ཙམ་ཡང་མེད་པར་ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱེད་པའི་སློབ་གསོའི་ལམ་ལུགས་འདི་དེང་རབས་སྤྱི་ཚོགས་ཀྱི་དགོས་མཁོ་དང་གཏན་ནས་མི་འཚམས་པས།  ས་གནས་མི་རིགས་ཀྱི་སློབ་ཆེན་དག་ནས་མཐར་ཕྱིན་པའི་སློབ་མ་རྣམས་ཀྱིས་མི་རིགས་རང་གི་ས་གནས་ནས་ཀྱང་བྱ་བ་ལེགས་པོ་ཞིག་ཐག་གཅོད་བྱ་དཀའ་བས། ནང་ལོགས་དང་ཕྱི་རྒྱལ་ལྟ་བུ་ནས་བྱ་བ་ལེགས་པོ་ཞིག་སྒྲུབ་ཐུབ་མིན་དོན་དངོས་ཀྱིས་ང་ཚོར་ཁ་ལན་གསལ་དག་ཏུ་སྤྲད་འདུག་ནའང་། ད་རུང་སློབ་གྲྭ་ཆེན་མོ་དག་གིས་སྤྱི་ཚོགས་དང་འཛམ་གླིང་གི་གནས་བབ་ལ་གཞིགས་ཏེ་སློབ་གསོའི་ལམ་ལུགས་ལ་འགྱུར་བཅོས་ཆ་ཙམ་ཡང་མ་བྱས་ན།  མི་རིགས་གཞན་གྱི་ལོ་རབས་དྲུག་ཅུའི་སློབ་གསོའི་ལམ་ལུགས་ཀྱི་རྒྱགས་ཕྱེ་རྙིང་བས་སྐྱེད་བསྲིངས་བྱས་པའི་མི་རིགས་ཀྱི་ཤེས་ལྡན་མི་སྣ་དག་གིས་དུས་རབས་གསར་བའི་ཁ་གཅོག་ཐབས་ཡེ་ནས་མེད། མི་རིགས་ཀྱི་སློབ་གྲྭ་བ་མང་བོ་ཞིག་གིས་བྱ་བའི་ལས་གནས་མ་རྙེད་པར་མཐར་རང་ཁྱིམ་དུ་ལྷུང་རྐྱང་བྱས་པས་ཕྱུགས་ཟོག་འཚོ་བ་དང་ཞིང་ལས་གཉེར་བ། ཡང་ལ་ལས་ལས་བཙོག་པོ་དེ་འདྲ་མ་འདོད་པར་གང་སར་རྐུ་བྱེད་པ།  ཁྲིམས་འགལ་གྱི་བྱ་བར་འཇུག་པའི་གནས་སྟངས་སྔར་ལས་ཚད་མཐོར་ཆགས་པར་མ་ཟད།  སྤྱི་ཚོགས་དང་ཁྱིམ་བདག་མང་བོ་ཞིག་ལ་རྙོག་དྲ་མང་བོ་བཟོས། སློབ་གྲྭ་ཆེན་མོ་བའི་ལས་ཤོར་གྱི་གནས་སྟངས་དེ་ཐག་གཅོད་ལེགས་པོ་ཞིག་གཏན་ནས་བྱ་ཐུབ་ཀྱིན་མེད་པས། དཔལ་འབྱོར་གྱི་ཡོང་འབབ་ཞན་ཞིང་རིག་གནས་ཀྱི་ཆུ་ཚད་དམའ་བའི་མི་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་མང་བོའི་བསམ་བློའི་སྟེང་གནོན་ཤུགས་ཆེན་པོ་ཞིག་བསྐྱལ་འོང་བར་མ་ཟད།  ལོ་རེར་སློབ་བཤོལ་བྱེད་པའི་སློབ་མའི་གྲངས་ཚད་མཐོ་རུ་བསྙེགས་པ་དང་།   སློབ་མ་མང་ཆེ་ཤོས་ཀྱི་སློབ་སྦྱོང་གི་དགའ་སྣང་དེ་ཡང་གཏད་སོ་མེད་པ་ཞིག་ཏུ་ཆགས་བཞིན་ཡོད།  ལྷག་པར་དུ་བོད་ཀྱི་འབྱོར་བ་ཅན་དང་ཤེས་ཡོན་ཅན།  བླ་སྦྲུལ་མང་བོས་རང་གི་ཕྲུ་གུ་དང་ཉེ་མི་རྣམས་མངོན་སུམ་འཛེམས་མེད་དུ་མི་རིགས་གཞན་གྱི་སློབ་གྲྭར་བསྐྱལ་བཞིན་ཡོད་པས།  མི་རིགས་ཀྱི་སྐད་དང་རིག་གནས་ལ་གཏན་བྲལ་བྱེད་བཞིན་པའི་གནས་ཚུལ་འདིས་མི་རིགས་སློབ་གསོ་ཐད་ཀར་དུ་ཉེན་གནས་སུ་བསྐྱལ།                 འབྲེལ་ཡོད་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཕེལ་རྒྱས།  ཁྱབ་ཁོངས་བཅས་ལ་དབྱེ་ཞིབ་དང་ཞིབ་འཇུག་ལེགས་པོ་ཞིག་བགྱིས་ཏེ། མི་རིགས་ཀྱི་སྐད་དང་རིག་གནས་གཙོ་བྱས་ནས་སློབ་ཆེན་ཁག་ཏུ་ཆེད་གཉེར་མང་བོ་སྒྲིག་འཛུགས་བྱ་རྒྱུ་ནི་མི་རིགས་སློབ་གསོའི་དར་རྒུད་དང་འབྲེལ་ཡོད།  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།  རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས། །གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། །ངོ་མཚར་ཐམས་ཅད་ཐན་ལྟས་ཉིད་དུ་སྒོམ། །འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ། ། ཞེས་གསུངས་པ་ནང་བཞིན་མི་རིགས་ཀྱི་སྐད་དང་རིག་གནས་ནི་མི་རིགས་རང་གི་སྲིད་འབྱོར་རིག་གསུམ་འཕེལ་བྱེད་ཀྱི་རྩ་བ་ལྟ་བུར་ཆགས་པས།  མི་རིགས་ནི་ནམ་ཡང་མི་རིགས་ཀྱི་སྐད་དང་རིག་གནས་དང་ཁ་བྲལ་ཏེ་གཏན་ནས་འཚོ་ཐབས་མེད། དེ་ནི་ཁོ་རང་ཚོའི་རྟག་བརྟན་གྱི་བླ་སྲོག་ཡིན་པའི་རྐྱེན་དེ་རེད།  ལྷག་པར་དུ་དུས་ཚོད་སྐར་ཆ་རེ་ལའང་འཕེལ་རྒྱས་ཀྱི་གོམ་ཁ་ནམ་མཁའི་གློག་ཞགས་ལས་མྱུར་བའི་དུས་རབས་དང་སྤྱི་ཚོགས་གསར་བས་ང་ཚོར་ནམ་ཡང་ངང་སྒུག་བྱེད་མི་སྲིད་པས།  དེ་སྔོན་རྒྱའི་ཆེད་མཁས་ཤིག་གིས་བརྗོད་དོན།  སྔོན་བྱུང་ལ་སྐྱབས་བཅོལ་བྱེད་པའི་མི་རིགས་ཤིག་ལ་མདུན་ལམ་མེད་ལ།  རང་ཉིད་ཀྱི་ཕ་མེས་བརྗེད་པའི་མི་རིགས་ཤིག་ལ་རེ་བའང་མེད།  ཅེས་པ་བརྗོད་པ་ལྟར།  ང་ཚོས་དེང་རབས་དང་གནའ་རབས།  ཤེས་བྱ་གསར་རྙིང་སོགས་ཀྱི་གདོང་ཐུག་དྲག་པོ་རྒྱག་བཞིན་པའི་ད་ལྟའི་དུས་སྐབས་སུ།  རང་རེའི་མེས་པོ་རྣམས་ཀྱིས་རྣམ་དཔྱོད་ཀྱི་རྩལ་ལས་བསྲུབས་པའི་མི་རིགས་རང་གི་ཤེས་རིག་གི་གཏེར་ཆེན་བུམ་པ་འདི་ཉིད་མི་ཉམས་གོང་དུ་སྤེལ་བའི་འོས་འགན་ཕྲག་ཏུ་ལེན་དགོས་ལ།  མི་རིགས་གཞན་གྱི་སྔོན་ཐོན་གྱི་ཚན་རྩལ་དང་རིག་གནས།  དཔལ་འབྱོར།  སློབ་གསོ་བཅས་ཀྱི་ལེགས་ཆ་རྣམས་དུས་ལྟར་བསྡུ་ལེན་བྱེད་པའི་འོས་འགན་དེ་མ་སྐུལ་དང་བླང་སྒོས་ཕྲག་ཏུ་ལེན་དགོས། འདི་ནི་མི་རིགས་ཤིག་གི་གནམ་འཕངས་གཅོད་པའི་བྱ་རྒོད་ཀྱི་གཤོག་ཟུང་ལྟ་བུ་ཡིན།            དེང་རབས་ཅན་གྱི་སྣ་འཛོམས་རང་བཞིན་གྱི་ཐོན་སྐྱེད་གསར་བའི་ཁྲོད།  ཤེས་བྱ་ནི་ཐོན་སྐྱེད་གསར་བར་འཇུག་པའི་སྲོག་རྩ་ལྟ་བུ་ཡིན་པས།  མི་རབས་རྗེས་མ་དག་ལ་ཚན་རྩལ་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་མེད་ན།  རྒྱལ་ཁབ་དང་མི་རིགས་ཀྱིས་འཛམ་གླིང་གི་ཁྱོད་ཤི་ང་གསོན་གྱི་འགྲན་རྩོད་ཁྲོད་ནས་ཡར་བསྐྱོད་བྱ་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན།  ང་ཚོས་ངེས་པར་དུ་བློ་མཐུན་ཏེན་ཞའོ་ཕིན་གྱིས།  སློབ་གསོ་ནི་དེང་རབས་ཅན་དང་འཛམ་གླིང་།  མ་འོངས་པར་ཁ་ཕྱོགས་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  མི་རིགས་ཀྱི་སློབ་གསོའི་སྒྲིག་གཞི་ལེགས་བཅོས་དང་བསླབ་གཞིའི་ནང་དོན་དར་སྤེལ།  ཆེད་གཉེར་གསར་བ་ཁ་སྣོན་བགྱིས་ནས་མི་རིགས་ས་ཁུལ་གྱི་སློབ་མ་འདི་དག་ཀྱང་ཀུན་སྤྱོད་དང་ཤེས་རིག  ལུས་པོ་བཅས་ཀྱི་ཕྱོགས་ནས་བདེ་ཐང་ངང་སྤུས་ཀ་མཐོར་འདེགས་སུ་གཏོང་བར་མཐའ་གཅིག་ཏུ་འབུངས་དགོས་པར་མ་ཟད།  མི་རིགས་ཀྱི་སློབ་མ་འདི་དག་ལ་སྔར་ལས་འཐུས་སྒོ་ཚང་བའི་སྒོ་ནས་སློབ་གསོ་བཟང་བོ་མྱོང་དུ་བཅུག་སྟེ།  ངེས་པར་དུ་རང་ཉིད་ཀྱི་རིན་ཐང་བྲལ་བའི་བླ་སྲོག་ལ་ཁ་ཕྱོགས་ནས་ཕ་སྐད་དང་།  རྒྱལ་ཁབ་དང་འཚོ་གནས་ལ་ཁ་ཕྱོགས་ནས་རྒྱ་ཡིག  འཛམ་གླིང་དང་མ་འོངས་པར་ཁ་ཕྱོགས་ནས་དབྱིན་ཡིག་དང་གློག་ཀླད་སྦྱོང་དགོས་པའི་འགྲོ་ལམ་ཡངས་པོར་ཕྱེས་ནས།  དུས་རབས་ཀྱི་འགྲོས་དང་དེང་རབས་ཀྱི་དགོས་མཁོ་དངོས་དང་ཡོངས་སུ་འཚམས་པའི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་སྐྱེད་བསྲིང་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་བཞི་འཛུགས་བསྐྲུན་དང་མི་རིགས་རང་གི་འཕེལ་རྒྱས་ལ་འབྲེལ་བ་ཁ་ཚ་དགོས་གཏུགས་སུ་ཡོད་པས།  རླབས་ཆེན་གྱི་སློབ་གསོའི་བྱ་བཞག་འདི་ལ་ཀུན་གྱིས་རང་ས་ནས་ཁ་མིག་ཡར་ལྟའི་ཚུལ་གྱི་དོ་ཁུར་ལེགས་པོ་ཞིག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །c3P

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།