༄༅།། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་པའི་ཐ་སྙད་ལ་དཔྱད་པ།
སྤེལ་དུས།  2017-11-22  རྡེབ་ཚད།   ཡོང་ཁུངས། ལུག་ཚང་དཔལ་ཡོན།  རྩོམ་པ་པོ། ཀ་ཉག་ཚེ་བཀྲ།  རྩོམ་སྒྲིག་པ། lobsang

གླེང་སློང་།RLL

དེ་ཡང་སྟོན་པ་བཀའ་དྲིན་ཅན་གྱི་གསུང་གི་འཕྲིན་ལས་ཀྱི་ཉི་མ་ཆེན་པོ་ཕྱོགས་དུས་ཀུན་ཏུ་སྤེལ་བར་མཛད་པའི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་དེའི་མཆོག་གཉིས་སུ་བསྔགས་པའི་བྱེད་པོ་རྒྱལ་བསྟན་གསུང་རབ་ཀུན་གྱི་དགོངས་དོན་ཕྱིན་ཅི་མ་ལོག་པར་བཀྲལ་བའི་ངེས་དོན་གྱི་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་རིམ་པར་བྱོན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ནི། བསྟན་པ་དང་འགྲོ་བ་ཡོངས་ཀྱི་ལེགས་བྱས་ཀྱི་བསོད་ནམས་ཀྱི་ཞིང་དུ་བྱོན་པ་ཙམ་མིན་པར་ཁོང་ཅག་གི་སྐུ་གསུུང་ཐུགས་ཀྱི་མཛད་པའི་རླབས་རྒྱུན་མཐའ་དག་སྲིད་པའི་མཐར་ཡང་བསྲིངས་བས་འདིར་བརྗོད་པས་ག་ལ་ལོངས་མོད་བཀའ་དྲིན་གྱི་ཆ་ཤས་ནི་སུས་ཀྱང་བློ་ཡུལ་ལས་འགོངས་ཐབས་མེད། ཡིན་ནའང་། འདིར་གླེང་འདོད་པ་ནི་མཛད་པ་འཕྲིན་ལས་དེ་དག་མ་ཡིན་པར་རྒྱན་དྲུག་མཆོག་གཉིས་ཞེས་བསྔགས་པའི་མཚན་གྱི་ཆ་ཤས་འདི་ལས་འཕྲོས་པའི་དོགས་གཅོད་ཅུང་ཙམ་ཞུ་འདོད་པ་དེའོ།། དེ་ཡང་དགོས་པ་དང་རྒྱུ་མཚན་དམིགས་བསལ་བའི་དབང་གིས་དཔྱད་གཞི་འདི་འདྲ་ཞིག་བདམས་པ་སྟེ། ཡུལ་དུས་ཀྱི་འགྱུར་བ་སོགས་ཕྱི་ནང་གི་རྒྱུ་རྐྱེན་དུ་མས་ཐ་སྙད་ཀྱི་བརྡ་ཆད་མང་པོ་ཞིག ཡུལ་གང་ལ་འཇུག་པ་དང་ཇི་ལྟར་འཇུག་པའི་ཚུལ་སོགས་རབ་རིབ་མག་མོག་ཏུ་གྱུར་ཏེ་རྫུན་བཟོ་མཁན་པོས་སྨྱུག་རྩེ་གང་དུ་བསྐོར་ཡང་བླུན་པོ་ཆུ་སྣ་གར་ཁྲིད་དུ་སོང་བ་དང་། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་པའི་ཐ་སྙད་འདི་ཡང་དེ་བཞིན་བན་བོན་གྱི་གྲུབ་མཐའ་མི་འདྲ་བ་དང་ཡིག་ཆ་མི་འདྲ་བ་སོགས་རང་རང་ཕྱོགས་སུ་འཁྲིད་བྱེད་ཀྱི་རྒྱུ་མཚན་བདོག་རྐྱེན། གང་དང་གང་ཡང་དག་ཡིན་མིན་སོགས་ལ་དཔྱད་པ་མ་ཞུགས་ཚེ། ནམ་ཞིག་རྐུན་མ་དང་རྒྱུ་བདག་སུ་ཡིན་མི་ཤེས་པའི་ཚོད་དུ་ལྷག་ནས་ནོར་བ་རྒྱུན་འབྱམས་སུ་འགྲོ་བས་རྩ་ཆེན་གྱི་ཐ་སྙད་འདི་རིགས་ལ་དོ་ཁུར་ཞུ་བའི་ཆེད་དུ་བྲིས་པ་དང་། གཉིས་སུ་འདིའི་སྐོར་ཀྱི་དཔྱད་རྩོམ་ཞིབ་ཕྲ་ཞིག་མཐོང་ལམ་གྱི་ཡུལ་དུ་དཀོན་པས་དཔེ་སྣ་མི་འདྲ་བ་གང་མང་བསྡུས་ཏེ་ཞིབ་བསྡུར་བགྱིས་པའི་ཁ་སྐོང་གི་རྩོམ་ཡིག་ཅིག་གི་དོད་དུ་དང་། གསུམ་དུ་ཐ་སྙད་དེ་དག་གིས་མཚོན་པའི་རྩ་བའི་སློབ་དཔོན་བཀའ་དྲིན་ཅན་རྣམས་ཀྱི་རྣམ་ཐར་གྱི་ཆ་ཤས་ཕྲ་མོ་རེའི་མཐོང་སྣེ་རེ་ཟིན་ན་དེ་དག་གིས་མཛད་པའི་བསྟན་བཅོས་ལ་དཔྱོད་པའི་བློ་གྲོས་ཀྱི་འཇུག་པ་འབེལ་པོ་འབྱུང་བའི་རེ་བ་བཅས་ཀྱིས་འབྲི་བ་ལགས་སོ།།RLL

རྒྱན་དང་མཆོག་གི་གྲངས་འདྲེན།RLL

སྤྱིར་ལོ་རྒྱུས་ཡོངས་གྲགས་སུ་རྒྱན་དྲུག་དང་མཆོག་གཉིས་ཞེས་གྲངས་ཀྱི་ཆ་ནས་བརྒྱད་དུ་བགྲངས་ནའང་བགྲང་ཚུལ་མི་འདྲ་བའི་གོ་རིམ་གཞན་ནི་ལོ་རྒྱུས་ཡོངས་གྲགས་སུ་ཆགས་མེད། དཔེར་ན་རོང་སྟོན་སྨྲ་བའི་སེང་གེས།(1367-1449) ①《བསྟོད་པ་རིན་ཆེན་སྤུངས་པ་》ལས། "རྒྱན་དྲུག་མཆོག་གསུམ་བསྟོད་པའི་དགེ་ཚོགས་ཀྱིས།། མི་ཤེས་དྲི་མ་རིང་དུ་རབ་སྤངས་ཏེ།། མཁྱེན་རབ་དྲི་མ་མེད་པའི་བློ་ཐོབ་ནས།། ཤེས་པ་ཀུན་ལ་བློ་གྲོས་རྒྱས་གྱུར་ཅིག།།" ཅེས་ཡོངས་གྲགས་ཀྱི་སློབ་དཔོན་ཆེན་པོ་བརྒྱད་དང་འཕགས་པ་ས་གའི་ལྷ་སྟེ་དགུར་བགྲང་བ་དང་། ཡོངས་སུ་གྲགས་པའི་རྒྱན་གྱི་མཆོག་གཉིས་ཏེ་སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས་མི་བགྲང་བར་རྒྱན་དྲུག་ནང་གསེས་ཀྱི་མཆོག་སྟེ་ཟབ་མོ་ལྟ་བའི་སྲོལ་འབྱེད་ཀླུ་སྒྲུབ་དང་རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་ཐོགས་མེད་ཅེས་བགྲངས་པས་མིང་གི་ཆ་ནས་རྒྱན་དྲུག་མཆོག་གཉིས་སུ་བཤད་ཀྱང་དོན་དངོས་སུ་སློབ་དཔོན་ཆེན་པོ་དྲུག་ལས་མི་བགྲང་བའང་ཡོད་དེ། འཇུ་མི་ཕམ་(1846-1912)གྱིས་མཛད་པའི་ ②《སྐད་གཉིས་ཤན་སྦྱར་》ལས། "ཀླུ་སྒྲུབ་ཨརྱ་དེ་བ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་ཀྱི་གླང་པོ། དཔལ་ལྡན་ཆོས་ཀྱི་གྲགས་པ་དང་དྲུག་གོ། མཆོག་གཉིས་ནི། དེ་དྲུག་གི་ནང་ནས་ཤིང་རྟ་ཀླུ་ཐོགས་གཉིས་ལ་འདོད་"ཅེས་དང་།  ③《བོད་རྒྱ་ཚིག་མཛོད་ཆེན་མོར་》འདོད་ཚུལ་གཉིས་བཀོད་པའི་ཕྱི་མ་སྟེ། "ཟབ་མོ་ལྟ་བའི་སྲོལ་འབྱེད་ཀླུ་སྒྲུབ་དང་རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་ཐོགས་མེད་གཉིས་ནི། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ནང་ནས་མཆོག་ཏུ་གྱུར་བའི་སློབ་དཔོན་ཤིང་རྟ་ཆེན་པོ་གཉིས་ཡིན་"ཞེས་པ་ལྟ་བུའོ།། གཞན་ཡང་། སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས་རྒྱན་དྲུག་གི་ནང་དུ་བགྲངས་ནས་སྔར་ལྟར་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་མཆོག་གཉིས་སུ་བཞེད་པའི་ཚུལ་ཡང་ཡོད་དེ། དཔའ་བོ་གཙུག་ལག་ཕྲེང་བས་(1504-1566)མཛད་པའི་ ④《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། "བོད་གཞན་རྣམས་ཡོན་ཤྰཀ་གཉིས་མཆོག་གཉིས་དང་གཞན་དྲུག་རྒྱན་དྲུག་ཏུ་འདོད་ཀྱང་ཤེས་བྱེད་མེད་ལ། ཀླུ་སྒྲུབ་ཐོགས་མེད་གཉིས་མཆོག་གཉིས་དང་གཞན་དྲུག་རྒྱན་དྲུག་ཏུ་རྗེ་ཆོས་གྲགས་རྒྱ་མཚོ་བཞེད་པ་ཉིད་ལེགས་ལ་ཀླུ་ཐོགས་གཉིས་ནི་ལུང་བསྟན་མང་ཞིང་ཤིང་རྟའི་སྲོལ་འབྱེད་ཡིན་པས་མཆོག་ཏུ་གྲུབ་"ཅེས་དང་། དེའི་འོག་དེ་མ་ཐག་ཏུ་"དེས་ན་ཨརྱ་དེ་ཝ་དང་དབྱིག་གཉེན། ཕྱོགས་གླང་དང་ཆོས་གྲགས་ཡོན་ཤྰཀ་གཉིས་ཏེ་དྲུག ཀླུ་སྒྲུབ་ཐོགས་མེད་དེ་མཆོག་གཉིས་སོ་"ཞེས་པ་དང་།  ⑤《བདུད་འཇོམས་ཆོས་འབྱུང་》ལས་ཀྱང་།"ཕལ་ཆེར་དུ་ཀླུ་ཐོགས་གཉིས་ལ་མཆོག་གཉིས་སུ་གྲགས་ཤིང་། ཕྱི་མ་རྣམས་ཀྱི་སྟེང་དུ་སློབ་དཔོན་ཡོན་ཏན་འོད་དང་ཤྰཀྱ་འོད་བསྣན་པས་རྒྱན་དྲུག་ཏུའང་བྱེད་དོ་"ཞེས་དང་། དེ་མིན་གོང་དུ་དྲངས་པའི་ ②《སྐད་གཉིས་ཤན་སྦྱར་》དང་ ⑥《དུང་དཀར་ཚིག་མཛོད་》གཉིས་སུ་ཡང་ཡོན་ཤྰཀ་གཉིས་རྒྱན་དྲུག་གི་གྲས་སུ་བགྲངས་ནས་ཀླུ་ཐོགས་གཉིས་མཆོག་གཉིས་སུ་བཞེད་པའི་ཚུལ་ཡང་བཀོད་ཡོད་དོ།།  ལུགས་གཞན་ཡང་མང་དུ་མཆིས་ཏེ། ཚལ་བ་ཀུན་དགའ་རྡོ་རྗེའམ་སི་ཏི་དགེ་བའི་བློ་གྲོས་(1309-1364)ཀྱིས་མཛད་པའི་ ⑦《དེབ་ཐེར་དམར་བོར་》"དེ་ནས་རིམས་ཀྱིས་ཀླུ་སྒྲུབ་དང་ཟླ་བ་གྲགས་པ། ཡོན་ཏན་འོད་དང་ཤྰཀྱ་འོད་བསྣན་པས་མཆོག་བརྒྱད་"ཅེས་སློབ་དཔོན་ཨརྱ་དེ་བའི་ཚབ་ཏུ་སློབ་དཔོན་ཟླ་བ་གྲགས་པ་བགྲངས་འདུག་ཀྱང་དེའི་འགྲེལ་བ་ ⑦《དེབ་ཐེར་དམར་བོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་》ལས། "དེབ་ཐེར་འདིར་སློབ་དཔོན་འདི་འཛམ་གླིང་རྒྱན་དྲུག་གི་གྲས་སུ་བགྲང་འདུག་ཀྱང་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་སློབ་དཔོན་ཨརྱ་དེ་བ་བགྲངས་པ་ལས་སློབ་དཔོན་འདི་བགྲངས་སྲོལ་མེད་"ཅེས་ཚལ་བའི་བཞེད་པར་གསལ་ཁ་བཏོན་ནས་དགག་ཕྱོགས་མཛད་དོ།།  ཡང་གོང་མ་རྣམ་ལྔའི་ཡ་གྱལ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་(1235-1280)གྱིས་མཛད་པའི་ ⑧《བསྟོད་པ་གཞུང་ལུགས་མ་》རུ། ཤྰཀྱ་འོད་ཀྱི་མཚན་ཟུར་ཙམ་ཡང་མ་སྨོས་པར་སློབ་དཔོན་ཆོས་སྐྱོང་ལ་བསྟོད་ཚུལ་འདིས་ཤྰཀྱ་འོད་རྒྱན་དྲུག་མཆོག་གཉིས་སམ་མཆོག་བརྒྱད་གང་རུང་དུ་མི་བཞེད་པའི་ལུགས་གསལ་བོར་ཆགས་ཡོད། ཡང་རྒྱན་དྲུག་མཆོག་བརྒྱད་ཅེས་རྣམ་གྲངས་མི་འདྲ་བ་སྟེ། ལོ་རྒྱུས་ཡོངས་གྲགས་སུ་རྒྱན་དྲུག་ལས་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ཕྲི་ནས་དེའི་སྟེང་དུ་བཙུན་པ་ཟླ་བ་དང་སློབ་དཔོན་དཔའ་བོ་བཅས་བསྣན་ནས་བརྒྱད་དུ་བགྲང་བའི་ཚུལ་གཅིག་དང་ཡོངས་སུ་གྲགས་པའི་རྒྱན་དྲུག་མཆོག་གཉིས་ལ་མཆོག་བརྒྱད་དུ་མཛད་པའི་ལུགས་སོགས་ ⑥《དུང་དཀར་ཚིག་མཛོད་》ཀྱིས་མཚོན་པའི་ཡིག་ཆ་གཞན་དུའང་གསལ། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་(1308-1363)གྱིས་མཛད་པའི་མཛོད་ཆེན་བདུན་གྱི་ཡ་གྱལ་ ⑨《གྲུབ་མཐའ་མཛོད་》ཀྱི་གཞུང་ལས། "ཡོངས་སུ་གྲགས་པ་དྲུག་དང་མཆོག་བརྒྱད་ནི་ཉི་ཟླ་དང་ནོར་བུ་ལྟ་བུའོ།། རྒྱན་དྲུག་ནི། ཀླུ་སྒྲུབ་སྙིང་བོ་དང་ཐོགས་མེད། དབྱིག་གཉེན་དང་ཕྱོགས་ཀྱི་གླང་བོ། ཆོས་ཀྱི་གྲགས་པ་དང་ཡོན་ཏན་འོད་དོ།། མཆོག་བརྒྱད་ནི། དེ་རྣམས་ཀྱི་སྟེང་དུ་འཕགས་པ་ལྷ་དང་ཙནྡྲ་གོ་མི་དང་དཔའ་བོ་གསུམ་བསྣན་ནས་ཕྱོགས་གླང་ཕྲི་བའོ་"ཞེས་དང་།  ⑦《དེབ་ཐེར་དམར་པོར་》"དེ་ནས་རིམས་ཀྱིས་ཀླུ་སྒྲུབ་དང་ཟླ་བ་གྲགས་པ། ཡོན་ཏན་འོད་དང་ཤྰཀྱ་འོད་བསྣན་པས་མཆོག་བརྒྱད་"ཅེས་གསུངས་པ་མ་གཏོགས་ཆ་ཚང་ཞིག་གསལ་བོར་བཀོད་མེད། གཡུང་དྲུང་བོན་པོ་རྣམས་ལྟར་ན། སྟོན་པ་གཤེན་རབ་ཀྱིས་གཉེར་གཏད་ཀྱི་སློབ་མ་ལྷ་སྲས་གར་མ་ལི་ཤོའི་སློབ་མ་མཁས་པ་དྲུག་སྟེ།  ⑩《མདོ་དྲི་མེད་གཟི་བརྗིད་》"བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་དང་ཕུབ་ལ་མཁས་པ་རྫུ་འཕྲུལ་དབང་ཕྱུག་དང་། བླུག་ལ་མཁས་པ་བླུག་ཐོག་བ་ཝ་དང་མགར་ལ་མཁས་པ་མགར་ལྷ་ཡུག་པ་དང་། ལྷ་ལ་མཁས་པ་ལྷ་གསས་པདྨ་དང་བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་དང་དྲུག་བྱུང་སྟེ་འཇིག་རྟེན་གྱི་ཁམས་ཡོན་ཏན་གྱིས་བརྒྱན་ཏེ་སངས་རྒྱས་བསྟན་པ་ཆགས་ཞིང་དུ་མཛད་དོ།།" ཞེས་དང་།  ⑩《གདུལ་དཀའ་བཏུལ་ནས་བསྟན་པ་སྤེལ་བའི་མདོ་》རུ་ཡང་། "དེ་ནས་ཡང་སྟོན་པས། ལྷ་སྲས་གར་མ་ལི་ཤོ་ལ་བཀའ་སྩལ་བ།། ཉོན་ཅིག་ལྷ་སྲས་གར་མ་དང་།། འཛམ་གླིང་མཁས་པའི་རྒྱན་དྲུག་དང་།། ཁྱེད་རྣམས་ལས་འཕྲོ་སྐལ་བ་ལྡན།།" ཞེས་སོགས་ནས། "ཉོན་ཅིག་འཛམ་གླིང་རྒྱན་དྲུག་ཉོན།། འོ་སྐོལ་འཛམ་བུ་གླིང་འདི་ན།།" ཞེས་སོགས་གསུངས། བོན་སྤྲུལ་བསྟན་འཛིན་བཟོད་པ་སོགས་ཀྱིས་ ⑪《བཀའ་"བརྟན་"》དེ་རིགས་ཀྱི་བཀའ་བསྡུའི་སྐབས་ཀྱི་གསུང་ལ་གཞི་བཅོལ་ནས་"སྟག་གཟིག་མཁས་པ་དམུ་ཚ་ཏྲ་ཧེ་དང་སུམ་པའི་མཁས་པ་འགུ་ཧུ་ལི་སྤར་ཡ།  ཞང་ཞུང་མཁས་པ་ཁྲི་ཐོག་སྤར་ཚ་དང་རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ།  རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ་དང་ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་"བཅས་རྒྱལ་ཁམས་མི་འདྲ་བའི་མཁས་པ་དྲུག་བགྲང་པ་དང་། འདྲེན་ཚུལ་གཞན་དུ་སྟག་གཟིག་མཁས་པ་དམུ་ཚ་ཏྲ་ཧེ་དང་སུམ་པའི་མཁས་པ་འགུ་ཧུ་ལུ་སྤར་ཡ་ཞང་ཞུང་མཁས་པ་ཁྲི་ཐོག་སྤར་ཚ་གསུམ་ནི་སུམ་པ་དང་ཞང་ཞུང་གི་མཁས་པར་མ་བགྲང་བར་སྟག་གཟིག་མཁས་པ་མི་གསུམ་དུ་བཏགས་པ་དང་ཁྲི་ཐོག་སྤར་ཚའི་ཚབ་ཏུ་གཡུང་དྲུང་བློ་གསལ་བགྲང་མཁན་ཡང་ཡོད་དོ།། གང་ལྟར། འདི་སྐོར་གྱི་ཁུངས་གསལ་ཤོས་ནི་མི་ཕམ་རྣམ་རྒྱལ་གྱི་གཙོ་སྒྲིག་བྱས་པའི་ ⑩《མདོ་དྲི་མེད་གཟི་བརྗིད་》པོད་བཞི་པ་དང་བཅུ་གཅིག་སོགས་ཡིན་ཞིང་དེང་གི་རྩོམ་པ་པོ་བསོད་ནམས་ནོར་བུ་དང་མཁར་ནག་སྐལ་བཟང་སོགས་ཀྱིས་ཀྱང་མང་དུ་བཤད་པས་ཞིབ་པར་གཟིགས།  དམུ་ཆོ་ལྡེམ་དྲུག་གི་སློབ་མར་བསྔགས་པའི་མཁས་པ་དྲུག་ལ་འཛམ་གླིང་མཁས་པའི་རྒྱན་དྲུག་དང་གར་མ་ལི་ཤོའི་སློབ་མར་བསྔགས་པའི་མཁས་པ་དྲུག་ལ་འཛམ་གླིང་བསྟན་པའི་རྒྱན་དྲུག་ཅེས་སོ་སོར་ཞིབ་ཆ་འབྱེད་ཚུལ་ཡང་ཡོད། གོང་དུ་ཞུས་པའི་མདོ་ཚན་གཉིས་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་བརྒྱུད་ཡིན་སྟབས་དུས་རབས་བཅུ་བཞི་བའི་དུས་མཇུག་ཙམ་མམ་བཅོ་ལྔ་བའི་དུས་མགོར་བྱུང་བར་མཁར་རྨེའུ་བསམ་གཏན་གྱི་ ⑫《མདའ་དང་འཕང་》དུ་གསལ་ནའང། འགྲོ་མགོན་འཕགས་པ་དང་ཀློང་ཆེན་སོགས་ལས་དུས་འཕྱིས་པ་མ་ཟད་རེད་མདའ་བ་གཞོན་ནུ་བློ་གྲོས་ལས་ཀྱང་ཅུང་ཙམ་འཕྱིས་སྟབས་ཡིད་རྟོན་འོས་པ་ནི་རེད་མདའ་བ་སོགས་ཡིན་ནོ།། རྗེ་བཙུན་རེད་འདའ་བས་མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་ ①《མཁའ་མཉམ་མ་》རུ། རྒྱན་དྲུག་པོ་རེ་རེ་ལ་བསྟོད་པ་མཛད་པ་མ་གཏོགས་མཆོག་གཉིས་ལ་དམིགས་སུ་བསྟོད་པ་མ་མཛད་པ་ནི་རྒྱན་དྲུག་མཆོག་གཉིས་དེ་རྒྱན་དྲུག་གི་ཁྱབ་ཁོངས་མ་འདས་པར་བཞེད་པས་ཡིན་ནམ་དཔྱད། རེ་འགས་རྒྱན་དྲུག་ནི། འཛམ་གླིང་བསྟན་པའི་མཁས་པ་ཡོངས་ཀྱི་གཙུག་རྒྱན་དུ་བསྔགས་སྟབས་ཡུལ་བྱེ་བྲག་པ་གཅིག་གི་མཁས་པ་རྐྱང་རྐྱང་བགྲངས་ན་མཐོང་རྒྱ་ཆུང་དྲགས་པ་དང་ཡུལ་ལུང་བྱེ་བྲག་པ་རེ་ལ་ཞེན་པ་ཆེ་དྲགས་པས་མ་གཏོགས། ནང་བསྟན་དར་ཁྱབ་ཆེ་བའི་འཛམ་གླིང་གི་ཡུལ་གྲུ་གཞན་ལའང་བསམ་གྱིས་མི་ཁྱབ་པའི་མཁས་པ་ཕུལ་ཏུ་བྱུང་བ་གཙུག་གི་རྒྱན་དུ་གྱུར་བ་ཤ་སྟག་ཡོད་པས་ཡུལ་ལུང་བྱེ་བྲག་པ་གཅིག་ལས་གདམས་ཏེ་འཛམ་གླིང་མཁས་པའི་རྒྱན་དུ་བགྲངས་པ་ནི་ནང་བསྟན་དར་པའི་འཛམ་གླིང་གི་ཡུལ་གྲུ་གཞན་མ་མཐོང་བའི་དམུས་ལོང་ཞར་བའི་སྐྱོན་དུ་སྣང་ངོ་སྐད་པ་ནི། ཅི་ཡང་མ་བརྟག་པར་ཚིག་རིས་ཙམ་ལ་འཁྲུལ་བར་མངོན་པས་འདིར་ཅུང་ཟད་ཞུས་ན།RLL

ཚིག་ཟུར་གྱི་འཛམ་གླིང་གི་གོ་དོན།RLL

སྤྱིར་འཛམ་གླིང་ནི་ང་ཚོ་འཚོ་སྡོད་བྱེད་སའི་གནས་ཁྱད་པར་བ་སྟེ་དེང་གི་གོ་ལ་རིལ་མོ་འདི་ལ་ངོས་འཛིན་གནང་ནའང་དུས་འཁོར་དང་ཆོས་མངོན་པ་མཛོད་སོགས་ནས་བཤད་པའི་འཛམ་གླིང་དང་བཞེད་ཚུལ་མཐུན་མིན་གྱི་གནས་སྐབས་ཀྱི་ཁྱད་པར་ཅུང་ཟད་མངོན། འོན་ཀྱང་།  གཞུང་དེ་དག་ཏུ་འཛམ་གླིང་ཆེ་ཆུང་དང་གླིང་གི་དུམ་ཆ་སོར་སོར་བྱས་ནས་ཡུལ་དངོས་མི་འདྲ་བ་ལའང་འཛམ་གླིང་གི་ཐ་སྙད་བྱས་པ་སོགས་སྣང་བས་འདིར་ཡང་ཡུལ་གང་གི་མཁས་པའི་རྒྱན་དུ་བཤད་པའི་འཛམ་གླིང་ལ་བྱེ་བྲག་གི་གོ་བ་མི་འདྲ་བའི་ཁྱད་པར་བྱ་ཆོག  ཡང་དགོས་རྒྱ་གར་འཕགས་པའི་ཡུལ་ལ་འཛམ་གླིང་གི་ཐ་སྙད་བྱེད་པ་ཤིན་ཏུ་གསལ་ཏེ། ཇོ་བོ་རྗེ་དབུས་གཙང་དུ་ཕེབས་རྒྱུའི་ཞལ་བཞེས་མཛད་སྐབས་དགེ་བཤེས་སྟོན་པ་བས་(1004-1064)ཞང་དབང་ཕྱུག་མགོན་ལ་བརྫངས་པའི་ ⑬《བོད་ཀྱི་མི་ཆེན་རྣམས་ལ་སྤྲིངས་པའི་ཡི་གེ་》བྱ་བར། "ཤིང་རྟའི་དབྱིབས་འདྲ་མཛམ་གླིང་གི། བྱེ་བྲག་བརྗིད་ལྡན་གངས་རིའི་བྱང་།།" ཞེས་ཤིང་རྟའི་དབྱིབས་དང་འདྲ་བའི་རྒྱ་གར་ལ་འཛམ་གླིང་གི་ཐ་སྙད་དངོས་སུ་སྨོས་པ་དང་ ⑬《བཀའ་གདམས་ཕ་ཆོས་》ཀྱི་སྐབས་གོང་འོག་རེ་འགར་རྒྱ་གར་ལ་འཛམ་གླིང་གི་ཐ་སྙད་སྨོས་པ་དཔེར་ན། ཇོ་བོ་གསེར་གླིང་ཡུལ་དུ་བྱོན་ནས་"གསེར་གླིང་པ་ཆོས་ཀྱི་གྲགས་པ་གང་ན་བཞུགས་བྱས་པ་ལ། བཙུན་པ་ཅིག་ན་རེ། བླ་མ་ཞག་བདུན་གྱི་གོང་ནས་འཛམ་བུ་གླིང་བའི་བཙུན་པ་གང་ན་འདུག་ཅེས་གསུང་ཞིང་གདའ་ཡིས་ཟེར་རོ།" ཞེས་དང་། "གསེར་གླིང་དུ་ཡང་འཛམ་བུ་གླིང་བའི་པཎ་ཌི་ཏ་ཆེན་པོ་ཅིག་བྱོན་" ཞེས་དང་། ཡང་"དགེ་ཚུལ་ཅིག་ན་རེ། ཁྱོད་འཛམ་བུ་གླིང་བ་ཡིན་ནམ་ཟེར། ཡིན་བྱས་པས་"ཞེས་སོགས་རྒྱ་གར་བ་ཡིན་ནམ་ཟེར་བའི་ཚབ་ཏུ་འཛམ་བུ་གླིང་བ་ཡིན་ནམ་ཞེས་དྲི་བ་མཛད་ཚུལ་ལ་བལྟས་ན་རྒྱ་གར་ལ་འཛམ་གླིང་ཞེས་འབོད་པ་གསལ་བོ་རེད། གཞན་ཡང་། ⑭《རྒྱ་གར་ཆོས་འབྱུང་》ལས། "ཤར་ལྷོ་ནུབ་གསུམ་རྒྱ་མཚོ་ལ་ཐུག་པའི་འཛམ་བུའི་གླིང་གི་གཞི་དང་། གླིང་ཕྲན་ལྔ་བཅུ་ཙམ་ལ་དབང་བསྒྱུར་བར་གྱུར་ཏོ།།" ཞེས་དང་། "འཕགས་པའི་རྫུ་འཕྲུལ་གྱིས་གླིང་དེར་འོང་བ་ན་གཟི་བརྗིད་མ་བཟོད་ནས། སྲིན་མོ་རྣམས་བྲོས་པའི་འོག་ཏུ་ཚོང་བ་དག་བདེ་བར་འཛམ་བུའི་གླིང་དུ་ཕྱིན་ནོ།" ཞེས་དང་། ཡང་"སིངྒ་ལའི་གླིང་ན་རྒྱལ་པོ་ཁྲི་ལྡན་སེང་གེའི་མཛོད་པ་ཞེས་བྱ་བ་ཡོད་དེ། དེ་མདུན་ས་ན་གནས་པའི་ཚེ། འཛམ་བུའི་གླིང་ན་གནས་པའི་ཚོང་པ་ཞིག་གིས་སྟོན་པའི་སྐུ་གཟུགས་ཤིང་ལས་བྱས་པ་ཞིག་ཕུལ།" ཞེས་དང་། "ཡུལ་སྣ་ཚོགས་ཀྱི་ལྷ་ཁང་དང་མཆོད་རྟེན་དག་བལྟ་བའི་ཕྱིར་འཛམ་བུའི་གླིང་དུ་བྱོན་"ཞེས་པ་སོགས་སྐབས་གོང་འོག་ཏུ་གསལ་བའི་འཛམ་བུའི་གླིང་ནི་འཛམ་གླིང་ཆེན་པོའམ་འཛམ་གླིང་སྤྱི་ལ་གོ་རྒྱུ་མིན་པར་བལྟས་པས་ཤེས་སོ།། མཁས་དབང་དགེ་ཆོས་(1903-1951)ཀྱིས་ ⑮《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མར་》ཡང་།  "རྒྱལ་པོ་མྱ་ངན་མེད་ཀྱི་དུས་ཙམ་ན་ད་ལྟའི་རྒྱ་གར་ཡོངས་སུ་རྫོགས་པ་བྱང་གི་ཕྱོགས་ཆ་དང་བཅས་པ་འདི་ལ་ཛམྦུ་ཞེས་གྲགས། སིང་ག་ལ་པའི་ཡུལ་མི་བྱིངས་རྣམས་ད་དུང་ཡང་རྒྱ་གར་ལ་འཛམ་བུ་གླིང་དུ་འབོད་ཅིང་། བོད་དང་རྒྱ་སོགས་དེའི་ཁོངས་མིན་པར་བྱེད།" ཅེས་དང་། "སྔོན་རབས་རྙིང་མ་རྣམས་ལས་འཛམ་གླིང་ཡུལ་གྲུ་གང་བཤད་པ་ཕལ་ཆེར་ཡང་རྒྱ་གར་དང་དེའི་ཉེ་འཁོར་མི་རིང་བའི་ཕྱོགས་ནས་རྙེད་པ་ཤ་སྟག་ཡིན།" ཞེས་དང་། "འཛམ་གླིང་ཆུང་ངུ་དེ་རྒྱ་གར་ཙམ་དུ་གསལ་"ཞེས་སོགས་གསུངས། དེ་བཞིན་ ⑯《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆགས་》སུ་ཡང་།"གངྒྰའི་ཀླུང་གི་འབབས་ཕྱོགས་སུ་བརྒྱུད་དེ་ཤར་དུ་རྒྱང་གྲགས་སུམ་བརྒྱ་ལྷག་ཕྱིན་པ་ན་ཛམྦུཞེས་བྱ་བའི་ཡུལ་ཐ་གྲུར་རྒྱངས་གྲགས་བཞི་སྟོང་ཙམ་"ཞེས་རྒྱ་གར་བྱེ་བྲག་གི་ས་གནས་ལའང་འཛམ་བུ་གླིང་གི་ཐ་སྙད་བཏགས་པར་གསལ་ལོ།། དེ་བཞིན་ ⑰《རྰ་མ་ཎའི་རྟོགས་བརྗོད་》སྐབས་སུ་ཡང་"འཛམ་གླིང་ངང་མོའི་རྗེས་སོང་བ།།" ཞེས་པའི་འཛམ་གླིང་དེ་འཛམ་གླིང་ཆུང་ངུར་གོ་བར་བྱ་ཞིང་དེས་མཚོན་པའི་འགོས་ལོ་གཞོན་ནུ་དཔལ་(1392-1481)གྱི་ ⑱《དེབ་ཐེར་སྔོན་པོ་》སོགས་གནའ་དེང་གི་རྩོམ་ཡིག་མང་པོར་གསལ་པས་འདིར་རྒྱས་སྤྲོ་མི་བྱ། གང་ལྟར། དུས་རབས་བཅུ་བཞི་པའི་ཡར་སྔོན་ནས་འཛམ་གླིང་རྒྱན་དྲུག་མཆོག་གཉིས་སུ་བསྔགས་པའི་ཚིག་ཟུར་གྱི་འཛམ་གླིང་ལ་དུས་འཁོར་དང་མངོན་པ་སོགས་ནང་པའི་གཞུང་ཆེན་ཁག་ཏུ་གསལ་བའི་འཛམ་གླིང་དང་དེང་གི་དངོས་གཙོ་ཚན་རིག་པས་ངོས་འཛིན་མཛད་པའི་ས་སྒང་། ཡང་ན་དུས་རབས་བཅུ་གཉིས་པ་ཡས་མས་ནས་རྒྱ་གར་ལ་འཛམ་གླིང་དུ་བརྗོད་པའི་ལུགས་གང་བྱས་ཀྱང་འགྲེལ་སླ་བས་འཛམ་གླིང་མཁས་པའི་རྒྱན་དུ་སོང་ན་ངེས་པར་རྒྱ་གར་ལས་གཞན་པའི་མཁས་པ་འཚོལ་བའི་ངལ་བ་མི་དགོས། ཡང་གཅིག་བཤད་ན།  རྒྱ་གར་ནི་སྐབས་དེ་དག་ཏུ་ནང་བསྟན་དར་ཁྱབ་ཆེས་ཆེ་བའི་ཡུལ་དབུས་སམ་ལྟེ་བ་ཉག་གཅིག་པོ་དེ་རང་ཡིན་པས། ཡུལ་དེ་གའི་བསྟན་པའི་དར་རྒུད་ཀྱི་གནད་དོན་ནི་འཛམ་གླིང་སྤྱིའི་བསྟན་པའི་དར་རྒུད་ཀྱི་གནད་དོན་དང་། ཡུལ་དེ་གའི་མཁས་པའི་གཙུག་རྒྱན་དུ་བསྔགས་ན་དོན་གྱིས་འཛམ་གླིང་སྤྱིའི་མཁས་པའི་གཙུག་རྒྱན་དུ་བསྔགས་པ་ལས་འོས་སུ་མེད་སྟབས་དེ་གའི་མཁས་པ་རེ་འགར་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་སྙན་པ་རྒྱས་སོ།། རྒྱན་དྲུག་མཆོག་གཉིས་ནི་གནའ་བོའི་རྒྱ་གར་དུ་ཕེབས་པའི་མཁས་པ་ཤ་སྟག་མ་གཏོགས་ཡུལ་ལུང་གཞན་དུ་གཏན་སྡོད་བྱས་པའི་མཁས་པར་མི་སྣང་ལ། སྐབས་དེ་དུས་ཙམ་མ་ཟད་ཕྱིས་སུའང་འཛམ་གླིང་སྤྱི་དང་བྱེ་བྲག་རྒྱ་གར་སོགས་ལ་འདི་དག་ལས་ལྷག་པའི་རྒྱན་དང་མཆོག་ཏུ་གྱུར་བའི་ནང་པའི་མཁས་པ་ཞིག་བྱོན་པར་མི་སྣང་། ལྷག་པར་ཆེད་བསྟོད་དང་བསྔགས་པ་བརྗོད་པའི་ཐ་སྙད་ཀྱི་ཁྱབ་ཁོངས་སུ་སྒྲ་བཤད་འཇུག་གཉིས་ཀ་ཚང་བའི་ངེས་པ་གཏན་ནས་མེད་པ་སུས་ཀྱང་ཤེས་སླ་མོད། འཕགས་ཡུལ་གྱི་པཎ་གྲུབ་འདི་དག་ནི་འུད་བསྟོད་ཙམ་མིན་པར་མཁས་གྲུབ་གཉིས་ལྡན་གྱི་དམ་པ་ཤ་སྟག་ཏུ་སོང་གཤིས་འདི་དག་ལ་འཛམ་གླིང་མཁས་པའི་རྒྱན་དང་དེའི་མཆོག་ཏུ་བསྔགས་ན་ནམ་ཡང་མི་འོས་པ་མེད་པར་སྙམ།RLL

ཚིག་ཟུར་གྱི་རྒྱན་ཞེས་པའི་གོ་དོན།RLL

ཡང་འཛམ་གླིང་མཁས་པའི་རྒྱན་ཞེས་འགྲེལ་སྐབས།  ⑲《བོད་རྒྱ་ནང་དོན་རིག་པའི་ཚིག་མཛོད་》ལས།"འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་སྟེ། དབུ་མའི་རྒྱན་ཀླུ་སྒྲུབ་དང་འཕགས་པ་ལྷ། མངོན་པའི་རྒྱན་ཐོགས་མེད་དང་དབྱིག་གཉེན། ཚད་མའི་རྒྱན་ཕྱོགས་གླང་དང་ཆོས་གྲགས་བཅས་སྔར་རྒྱ་གར་དུ་བྱོན་པའི་སློབ་དཔོན་ཆེན་པོ་དྲུག་གོ་"ཞེས་དང་དེའི་འོག་ཏུ་"བསྟན་པའི་རྩ་བ་མཆོག་ཏུ་གྱུར་པ་འདུལ་བའི་སྡེ་སྣོད་ལ་ཤིན་ཏུ་མཁས་པའི་སློབ་དཔོན་ཤྰཀྱ་འོད་དང་ཡོན་ཏན་འོད་རྣམ་གཉིས་ནི་མཆོག་གཉིས་སོ་"ཞེས་དང་། ⑳《བོད་ཡིག་ཚིག་གཏེར་རྒྱ་མཚོ་》དང་(21)《སྡེ་སྣོད་གསུམ་གྱི་ཚིག་མཛོད་》སོགས་ལས་ཀྱང་དེ་ཇི་ལྟ་བ་བཞིན་གསུང་པ་དང་། ཡང་⑥《དུང་དཀར་ཚིག་མཛོད་》དུ། རྒྱན་དྲུག་མཆོག་གཉིས་ལ་ཟབ་མོ་ལྟ་བའི་རྒྱན་དང་རྒྱ་ཆེན་སྤྱོད་པའི་རྒྱན། རྣམ་དག་རིག་པའི་རྒྱན་དང་འདུལ་བ་བདུད་རྩིའི་རྒྱན་ཞེས་བཏགས་པའི་བཞེད་ཚུལ་ཞིག་བཀོད་ཡོད་ནའང་ཚིག་ཉམས་བཏོན་པ་ཙམ་ལས་དོན་དངོས་སུ་སྔར་ལྟར་དབུ་མ་དང་མངོན་པ་ཚད་མ་དང་འདུལ་བའི་རྒྱན་དུ་བསྔགས་པར་སྣང་ལ། རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་སོ་སོའི་ངོས་ཟིན་དང་འཇུ་མི་ཕམ་པས་གཞན་གྱི་འདོད་ཚུལ་བཀོད་པ་སོགས་ལ་དཔགས་ན། དབུ་མ་དང་མངོན་པ་དང་ཚད་མ་བཅས་གཞུང་སོ་སོར་མཁས་པའམ་གཞུང་ལུགས་དེ་གསུམ་གྱི་ཚབ་མཚོན་བྱ་བའི་མི་སྣ་དྲུག་བགྲངས་མོད། མ་དག་རྒྱུན་འབྱམས་དང་ཕྱིས་ཀྱི་མཁས་པས་འགྲེལ་བཤད་ཡིན་མིན་མ་འཚལ་བས་ཞིབ་ཏུ་དཔོྱད། འོན་ཀྱང་། གཞུང་ལུགས་དེ་དང་དེར་མཁས་པའི་རྒྱན་དུ་བསྔགས་ན་དོན་དངོས་དང་ཅུང་ཟད་མཐུན་པར་མངོན་ཏེ། རྒྱ་གར་མཁས་པའི་པཎ་གྲུབ་ཁག་ནི་དེང་སྐབས་གླེང་བཞིན་པའི་རིགས་གཅིག་རྐང་འཛིན་གྱི་གྲུབ་ཆའི་ཕྱོགས་སམ་ཁོངས་སུ་གཏོགས་པ་དཔེར་ན། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་སྡེ་སྣོད་དམ་གཞུང་ལུགས་ལས་དབུ་མའི་གཞུང་ལ་དམིགས་བསལ་གྱིས་ཐོས་བསམ་གནང་ནས་དབུ་མའི་རྐང་འཛིན་ལྟ་བུར་གྱུར་བ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་ཨརྱ་དེ་བ་དང་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་ལྟ་བུ་རེད། དེ་སྐད་སྨྲ་དོན་ཡང་སོ་སོས་མཛད་པའི་གཞུང་གི་རྣམ་གྲངས་ཁག་ལ་མཇལ་ན་ཚད་འཛིན་བྱེད་ཐུབ་པ་སྟེ། དཔེར་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་《རིགས་ཚོགས་ལྔ》འམ་《རིན་ཆེན་ཕྲེང་པ་》བསྣན་པའི་དྲུག་དང་། 《བཤེས་སྤྲིངས་》དང་ (22)《བསྟོད་བཞི་》བཅས་ནི་རྩོད་མེད་ཡོངས་གྲགས་ཀྱི་འཕགས་པའི་གསུང་དུ་ངེས་པས་དེ་དག་ལས་ཀླུ་སྒྲུབ་གཞུང་གང་ལ་མཁས་པའམ་གཞུང་གང་ཞིག་གཙོ་བོར་བཟུང་ནས་བསྟན་བཅོས་མཛད་པ་སོགས་གསལ་པོ་རེད། ད་དུང་ཁོང་གིས་མཛད་པར་གྲགས་པའི་གཞུང་གཞན་ཡང་མང་དུ་མཆིས་ཏེ།  《མདོ་ཀུན་ལས་བཏུས་པ་》དང་《རྨི་ལམ་ཡིད་བཞིན་ནོར་བུའི་གཏམ།》《བྱང་ཆུབ་སེམས་འགྲེལ།》《ཐབས་ཀྱི་སྙིང་པོ།》《སྒོ་བཅུ་གཉིས་པ།》《ས་བཅུ་པའི་བྱེ་བྲག་བཤད་པ་ཆེན་མོ།》《ཐེག་པ་ཆེན་པོ་ཉི་ཤུ་བ།》《ཤེར་ཕྱིན་མན་ངག》《ག་ལས་འཇིགས་མེད།》《རྒྱུད་ཀུན་ལས་བཏུས་པ།》《མདོར་བྱས།》《མདོར་བསྲེ།》《དཀྱིལ་ཆོག་ཉི་ཤུ་བ།》《རིམ་པ་ལྔ་པ་》དང་། དེ་མིན་《དམངས་དང་སྒེར་ལ་གདམས་པའི་ལུགས་ཀྱི་བསྟན་བཅོས་ཁག》གསོ་རིག་《སྦྱོར་བ་བརྒྱ་པ་》དང་《རྩིས་གཞུང་།》《སྤོས་སྦྱོར་》དང་《གསེར་འགྱུར།》《འདོད་པའི་བསྟན་བཅོས་》སོགས་མང་དུ་མཆིས་སྐད།  འདི་དག་འཕགས་པས་མཛད་པ་ཡིན་མིན་གྱི་དོགས་པ་སོགས་ནི་སྐབས་སུ་མ་བབས་པས་ཤེས་པར་འདོད་ན་གཞན་དུ་གཞིགས། འདིས་མཚོན་པའི་སྡེ་སྣོད་གཞན་དང་བྱེ་བྲག་གི་གཞུང་ཚན་གཞན་ལ་ཚབ་མཚོན་བྱ་ཐུབ་པའི་མཁས་པ་ཤིན་ཏུ་མང་མོད། མཁས་པ་གཅིག་གིས་གཞུང་ལུགས་ཀུན་གྱི་ཚབ་བྱེད་ཐུབ་པ་ལྟ་བུ་མ་ཡིན་པས་སོ་སོ་རང་ལ་དམིགས་བསལ་གྱི་ཕྱག་རྗེས་འཇོག་ས་རེ་ཡོད་པར་མངོན། དེར་བརྟེན། འདིར་ཡང་ཉེ་དུས་ཀྱི་མཁས་པ་སྔ་མ་ཁག་གཅིག་འདོད་པ་བཞིན་མངོན་པའི་སྡེ་སྣོད་ལ་མཁས་པ་དྲུག་སྟེ། དབུ་མ་ལ་མཁས་པའི་རྒྱན་དུ་གྱུར་བ་མགོན་པོ་ཀླུ་སྒྲུབ་དང་ཨརྱ་དེ་བ། མངོན་པ་ལ་མཁས་པའི་རྒྱན་དུ་གྱུར་བ་འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན། ཚད་མ་ལ་མཁས་པའི་རྒྱན་དུ་གྱུར་བ་སློབ་དཔོན་ཕྱོགས་གླང་དང་དཔལ་ལྡན་ཆོས་གྲགས་ཞེས་གཞུང་སོ་སོ་ལ་དམིགས་བསལ་མཁས་པའི་གདན་ཐོབ་ཀྱི་ཆ་ནས་དབུ་མའི་རྒྱན་དང་མངོན་པའི་རྒྱན་སོགས་སུ་བགྲངས་པར་མཛད་དོ།། ཇི་སྐད་བརྗོད་པའི་ལུགས་སུ་ཆ་བཞག་ན། རྒྱན་དྲུག་ཏུ་བཤད་པའི་མཁས་པ་དེ་དག་ནི་མངོན་པའི་སྡེ་སྣོད་ཀྱི་རྒྱན་དུ་གྱུར་བ་ཤ་སྟག་ཏེ་དབུ་ཚད་སོགས་ཀྱི་སྲོལ་གཏོད་དང་སྲོལ་འཛིན་མཁན་པོ་རྐྱང་བར་ངེས་པས་སོ།། དེ་ལྟར་ན། མཆོག་གཉིས་ཀྱང་སྡེ་སྣོད་དེ་ལ་མཁས་པའི་རྒྱན་དྲུག་ནང་གསེས་ཀྱི་མཆོག་ཏེ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཀླུ་ཐོགས་གཉིས་སུ་འཇོག་པར་སྣང་ཡང་ཡོངས་གྲགས་སུ་སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས་སུ་བགྲངས་པས་དཔྱད་པར་འཚལ། གལ་ཏེ་སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས་བགྲངས་ན་མངོན་པའི་སྡེ་སྣོད་ལ་མཁས་པའི་རྒྱན་དང་མཆོག་བཤད་པའི་སྐབས་དང་མ་འབྲེལ་བས་འདུལ་བའི་སྡེ་སྣོད་ལ་མཁས་པའི་མཆོག་ཏུ་བསྔགས་པ་ལས་གཞུང་གཞན་ལ་མི་སྦྱོར་བ་སོ་སོས་མཛད་པའི་བསྟན་བཅོས་ཀྱི་རྣམ་གྲངས་ལས་ཤེས་ཐུབ་ཅིང་ཡོངས་སུ་གྲགས་པ་ཉིད་ཀྱང་གཞུང་འདི་ལ་སྦྱོར་པ་རྩོད་མེད་ཡིན། འོན་ཀྱང་།  འདིར་མདོ་སྡེའི་སྡེ་སྣོད་ལ་མཁས་པའི་རྒྱན་ནམ་མཆོག་ཏུ་གྱུར་བའི་སློབ་དཔོན་འཕགས་སེང་གཉིས་ལྟ་བུ་མ་བགྲང་པ་ནི་ཅི་ཡིན་ཆ་མ་འཚལ་བས་ཕྱིས་སུ་སྣོན་མ་བྱས་པའི་མཆོག་གཉིས་ཇི་བཞིན་ཁ་སྐོང་དུ་ལྷག་པ་མིན་ནམ་སྙམ་ཡང་ངེས་པ་མ་རྙེད་པས་དཔྱད་པར་བྱ། ཡང་ཅིག་བཤད་ན་མཆོག་གཉིས་སུ་བཏགས་པ་དེ་ཡང་སྐབས་དེའི་བོད་ཀྱི་ནང་བསྟན་ངོས་འཛིན་དང་འབྲེལ་བ་ཤིན་ཏུ་ཆེ་བར་སྣང་སྟེ། དམ་པའི་ཆོས་འདུལ་བ་ནི་བསྟན་པའི་སྙིང་བོ་དང་སྟོན་པའི་གདུང་འཚོབ་ཏུ་ཡང་ནས་ཡང་དུ་བསྔགས་པས་དམིགས་བསལ་ལྟ་བུའང་ཡིན། (23)《སྒོམ་སྡེ་ཚིག་མཛོད་》ལས། "འཛམ་གླིང་མཛེས་པར་བྱེད་པའི་རྒྱན་ཞེས་བརྗོད་ཀྱང་དོན་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་བྱེད་པས་རྒྱན་ཞེས་བྱའོ།།"ཞེས་རྒྱན་བཞི་བཤད་པའི་གསལ་བྱེད་ཀྱི་རྒྱན་དུ་གསུངས་ཏེ། གོང་གི་མཇུག་ཐོག་དེ་མ་ཐག་ཏུ་"སྤྱིར་རྒྱན་ལ་རང་བཞིན་གྱི་རྒྱན་དང་མཛེས་བྱེད་ཀྱི་རྒྱན། གསལ་བྱེད་ཀྱི་རྒྱན་དང་དགའ་བའི་རྒྱན་བཞི་ཡོད་པའི་ནང་ནས་གསལ་བྱེད་ཀྱི་རྒྱན་ཡིན་ནོ་"ཞེས་གསུངས་པས་གསལ་བྱེད་ཀྱི་རྒྱན་དེ་ཡང་། རྗེ་བཙུན་གྱི་ (24)《མདོ་སྡེ་རྒྱན་》ལས། "གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན།། མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་སྐྱེད་པ།། དེ་བཞིན་ལེགས་གསུང་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི།། ཆོས་ཀྱང་དོན་རྣམས་དབྱེ་བས་མཁས་རྣམས་འདི་ན་དགའ་མཆོག་སྐྱེད།།" ཅེས་གསུང་པ་ལྟར་རང་བཞིན་གྱི་རྒྱན་སྐྱེས་བུའི་ལུས་བཟང་པོ་དེར་མཛེས་བྱེད་ཀྱི་རྒྱན་གདུ་བུ་ལ་སོགས་པས་བརྒྱན་པས་མེ་ལོང་ལ་སོགས་པའི་གསལ་བྱེད་ཀྱི་རྒྱན་དུ་ཤར་སྟབས་འདོད་ལྡན་རྣམས་དགའ་བ་སྐྱེད་དོ་ཞེས་དཔེའི་སྒོ་ནས་གསལ་བྱེད་ཀྱི་རྒྱན་དུ་གསུངས། རྒྱན་དྲུག་ཏུ་བཤད་པའི་ལུགས་སྲོལ་དེ་བོད་ཁོ་ན་མ་ཡིན་པར་སྣང་ཡང་ (25)《ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་》ཞེས་པའི་དེབ་གསར་དུ་"བོད་དུ་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་དེ་དྲུག་ལ་འཛམ་གླིང་རྒྱན་དྲུག་ཅེས་ཆེད་བསྟོད་དམིགས་བསལ་ཞུ་བའི་སྲོལ་ཡང་དར་བར་བྱུང་ངོ་"ཞེས་བོད་ཀྱིས་བཏགས་པར་བཤད། རེད་དེ། འདི་རིགས་ལ་ཁ་ཚོན་བཅད་ནས་སྨྲ་བར་མི་བྱའོ།། གང་ལྟར། མཆོག་གཉིས་སམ་རྒྱན་དྲུག་མཆོག་གཉིས་སུ་བགྲང་པ་ནི་བོད་ཀྱིས་བྱས་ཏེ། ⑭《རྒྱ་གར་ཆོས་འབྱུང་ལས།》"འཛམ་གླིང་རྒྱན་དྲུག་ཡོངས་སུ་གྲགས་པ་ཉིད།། དཔའ་བོ་དགྲ་གཅན་འཛིན་དང་ཡོན་ཏན་འོད།། ཆོས་སྐྱོང་རྣམས་ལ་ཆེན་པོ་བཞི་ཞེས་གྲགས།། ཞི་བ་ལྷ་དང་ཙནྡྲ་གོ་མི་ལ།། རྨད་བྱུང་སློབ་དཔོན་གཉིས་ཞེས་མཁས་རྣམས་སྒྲོག། མཆོག་གཉིས་རྒྱ་གར་ཡུལ་ན་གྲགས་པ་མེད།། རྒྱན་དྲུག་མཆོག་གཉིས་ཞེས་བྱར་བོད་ཀྱིས་བཏགས།།" ཞེས་གསུང་པ་ལྟར་མཆོག་གཉིས་ནི་རྒྱན་དྲུག་ཏུ་བཤད་པའི་རྗེས་སུ་སྣོན་མ་བྱས་པ་ལྟ་བུར་སྣང་བས་ངོས་འཛིན་ལའང་ཅུང་ཙམ་མི་འདྲ་བའི་ཤུགས་རྐྱེན་ཐེབས་ཡོད། ཡང་ ⑭《རྒྱ་གར་ཆོས་འབྱུང་》ལས། "དེ་ལྟར་ན་རྒྱན་དྲུག་པོ་དེ་དག་ལས་ཀླུ་སྒྲུབ་དང་ཐོགས་མེད་ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་ཡིན་ལ། འཕགས་པ་ལྷ་དང་དབྱིག་གཉེན་ཆོས་ཀྱི་གྲགས་པ་གསུམ་ནི་འགྲེལ་བྱེད་ཡིན་ནོ།། དེ་རྣམས་སོ་སོའི་དུས་སྐབས་ལ་ལྟོས་ཏེ་བསྟན་པ་གསལ་བར་བྱེད་པའི་མཛད་པ་མཉམ་པས་རྒྱན་དྲུག་ཅེས་གྲགས་སོ།།"ཞེས་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ(1813-1894)ས་མཛད་པའི་(26)《ཤེས་བྱ་ཀུན་ཁྱབ་》ལས། "མདོར་ན་འཕགས་པའི་ཡུལ་དུ་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནས་བཟུང་། ཕྱིས་བི་ཀྲ་མ་ཤྰི་ལའི་གཙུག་ལག་ཁང་ཀླ་ཀློས་བཅོམ་གྱི་བར་དུ་མཁས་པ་དང་གྲུབ་པའི་སྐྱེ་བོ་ཁྱད་པར་འཕགས་པ་བར་མ་ཆད་དུ་བྱོན་པ་ལས་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་གཙོ་བོར་གྱུར་བ་སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་དང་། ཨརྱ་དེ་བ་དབྱིག་གཉེན་ཆོས་ཀྱི་གྲགས་པ་གསུམ་ནི་འགྲེལ་བ་བྱེད་པ་པོ་སྟེ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ཏུ་གྲགས་པ་" ཞེས་དང་། ⑤《བདུད་འཇོམས་ཆོས་འབྱུང་》ལས་ཀྱང་། "གཞུང་བྱེད་པ་པོ་གསུམ་"ཞེས་དང་"འགྲེལ་བ་བྱེད་པ་པོ་གསུམ་ཞེས་འཛམ་བུ་གླིང་མཛེས་པའི་རྒྱན་དྲུག་"ཅེས་སོགས་གསུང་པ་ལྟར་རྩ་བའི་མཁན་པོ་དང་འགྲེལ་མཛད་གཙོ་བོའི་དབང་དུ་བྱས་ནས་གཞུང་བྱེད་པ་པོ་དང་འགྲེལ་བ་བྱེད་པ་པོ་ཞེས་ཀྱང་བཏགས་པ་མང་དུ་འདུག RLL

ཐ་སྙད་ཕན་ཚུན་གྱི་ཤུགས་རྐྱེན།RLL

གོང་གསལ་བཞིན་རྒྱན་དང་མཆོག་གི་རྣམ་གྲངས་ལ་རྩི་ལུགས་མི་འདྲ་པའམ་གྲངས་འདྲེན་མི་འདྲ་བ་ཤིན་ཏུ་མང་ནའང་རྒྱན་དྲུག་གི་ཐ་སྙད་ནི་རྒྱ་གར་མཁས་པའི་རང་གཞུང་དུ་མི་སྣང་ཡང་བོད་དུ་གྲགས་པ་ནི་རྗེ་བཙུན་ཏྰ་ར་ནྰ་ཐའི་(1575-1634) ⑭《རྒྱ་གར་ཆོས་འབྱུང་》གི་ཚིག་ཟུར་ཁོ་ནར་སྣང་། འོན་ཀྱང་། ཐ་སྙད་འདི་རིགས་ཀྱིས་མཚོན་པའི་རྣམ་གྲངས་སོགས་ཀུན་ལ་རྒྱ་གར་གྱི་ཚིག་མཛོད་སོགས་ཀྱིས་ཤུགས་རྐྱེན་ཐེབས་པ་ངེས་ཅན་དུ་སྣང་བས་ཅུང་ཙམ་ཞུས་ན།། སྤྱིར་རྒྱ་གར་ནི་འཛམ་གླིང་ཤེས་རིག་གི་མགོ་ཁུངས་ཆེན་པོ་གཅིག་དང་ཚིག་དོན་གྱི་ཐ་སྙད་རྣམ་གྲངས་མང་པོའི་ཕྱི་མོ་ལྟ་བུར་སོང་གཤིས། ནུབ་ཕྱོགས་པས་ཀྱང་དང་པོར་རྒྱ་གར་ཤར་ཕྱོགས་པའི་ཚིག་མཛོད་སོགས་ལ་དཔེ་དེད་ནས་ཡར་རྒྱས་བཏང་སྐད་འདུག   མ་གཞི་"ཚིག་མཛོད་ཀྱི་ཐ་སྙད་དེ་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ཏེ་སྟོན་པ་སངས་རྒྱས་འཇིག་རྟེན་དུ་མ་བྱོན་གོང་ནས་རྒྱ་གར་ལ་ཡོད་པར་ཚོད་དཔག་བྱེད་ཐུབ་"ཅེས་མཁས་དབང་ཟམ་གདོང་རིན་པོ་ཆེས་འཆད། དེ་ཡང་ཚིག་མཛོད་སོགས་རྩོམ་པའི་སྲོལ་རྒྱུན་ལ་བརྟེན་ནས་ཚོད་དཔག་བྱས་པ་སྟེ། "འཆི་མེད་སེང་གེས་མཛད་པའི་ (27)《འཆི་མེད་མཛོད་》ལྟ་བུ་ནི། དེ་ཙམ་གྱིས་རྙིང་པ་མ་ཡིན་ཡང་དེས་སྔོན་མ་ནས་རྒྱ་གར་དུ་ཚིག་གི་མཛོད་དང་དོན་གྱི་མཛོད་རྩོམ་པའི་སྲོལ་རྒྱུན་ཡོད་པ་ཤེས་ཐུབ་པ་དེ་རེད།"ཅེས་སོ།། ལར་ཚིག་མཛོད་ཀྱི་གཞུང་ལས་མིང་གི་རྣམ་གྲངས་སོགས་ཁོལ་དུ་བྱུང་ནས་གླེགས་བམ་དུ་སྡེབ་པ་སོགས་ཀྱང་རྒྱ་གར་དུ་སྣང་བས་བོད་ལ་དེས་ཤུགས་རྐྱེན་ཐེབས་པ་ནི་སྨྲ་ག་ལ་དགོས། རེད་དེ། བསྟན་པ་སྔ་དར་སྐབས་སུ་བོད་ལ་ཚིག་གི་མཛོད་སོགས་ཅི་ཡང་མེད་པས་སྐབས་དེར་མིང་གི་རྣམ་གྲངས་སམ་གྲངས་སྡོམ་གྱི་དབྱེ་བ་སོགས་ཀྱང་གཞུང་ལུགས་སུ་བྱས་ནས་དར་ཁྱབ་ཆེན་པོར་བཏང་བར་མི་སྣང་ངོ་།། འོན་ཀྱང་། གནའ་སྔ་མོ་ནས་ས་གནས་དང་ལས་རིགས་སོགས་ཕྱོགས་མང་པོར་གྲངས་སྡོམ་གྱི་དབྱེ་བ་མཛད་ནས་ཆེད་བསྟོད་སོགས་ཀྱིས་མིང་གི་རྣམ་གྲངས་རྩི་ལུགས་ཀྱི་སྲོལ་ཁ་བདོག་རྐྱེན། ཕྱིས་སུ་རྒྱ་གར་པའི་རིག་གནས་ཤུགས་རྐྱེན་དང་མཉམ་བསྡེབས་འོག་རྣམ་གྲངས་རྩི་ལུགས་ལའང་འགྱུར་བ་རབ་དང་རིམ་པ་ཞིག་བྱུང་བར་སྣང་ངོ།། འགྱུར་བ་དེ་དག་གི་ཁྲོད་དུ་རྒྱན་དང་མཆོག་གི་ཐ་སྙད་ཀྱི་གྲངས་ལའང་མི་འདྲ་བའི་ཁྱད་པར་ཐོན་པ་མ་ཟད་རྒྱན་དང་མཆོག་གི་འགྲེལ་ལུགས་ལའང་ཕྱིས་ཀྱི་རྣམ་གྲངས་གཞན་གྱི་ཐ་སྙད་ཀྱིས་ཤུགས་རྐྱེན་ཐེབས་པ་ངེས་ཅན་སྣང་། དཔེར་ན། བར་ཚར་གྱི་བུ་ཆེན་གངས་ཅན་མཛེས་པའི་རྒྱན་དྲུག་དང་མཆོག་གཉིས་ནི་མདོ་སྔགས་རིག་གནས་སོགས་གཞུང་སོ་སོར་དམིགས་བསལ་གྱི་མཁས་པའི་གདན་ཐོབ་རེག་པའི་ཆ་ནས་བཏགས་པ་ལྟར། ཕྱིས་སུ་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་འགྲེལ་ལུགས་ལའང་དེ་ལྟར་བྱུང་བར་སྣང་། དེ་བཞིན་གངས་ཅན་མཁས་པའི་རྒྱན་དྲུག་གམ་བརྒྱད་སོགས་ཀྱི་ཐ་སྙད་ཀྱང་འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་ཐ་སྙད་ཇི་བཞིན་སྤྱད་ནས་ཁྱབ་བརྡལ་དུ་སོང་བ་སྨྲ་མི་དགོས། དེ་སྔོན་བོད་དུ་གྲགས་པའི་རྒྱན་དྲུག་གི་ཐ་སྙད་སྔ་ཤོས་ནི། (28)《མདོ་གཟེར་མིག་》ཅེས་པའི་གཡུང་དྲུང་བོན་གྱི་གཞུང་རྙིང་ཤོས་དེ་ཡིན་པར་སྣང་མོད་གོང་གི་རྒྱན་དྲུག་གི་གོ་དོན་དང་གཏན་ནས་མི་འདྲ་བར་ཆགས་ཡོད། དེར་གསུངས་པ་ནི་རང་རེའི་ཁྲི་དྲུག་འགྱོགས་སམ་ཕ་རོལ་དུ་ཕྱིན་པ་དྲུག་མཚོན་པའི་ཁྲིའི་རྒྱབ་ཡོལ་གྱི་རྒྱན་སྣ་དྲུག་སྟེ་མཁའ་ལྡིང་སོགས་སུ་ (26)《ཤེས་བྱ་ཀུན་ཁྱབ་》རྩ་འགྲེལ་དུ་སྦྱར་ཞིང་ཞིབ་པར་ཚང་དབང་དགེ་འདུན་བསྟན་པ་དང་མཁར་ནག་སྐལ་བཟང་སོགས་ཀྱིས་བྲིས་པའི་དེང་རྩོམ་ཡང་མང་དུ་བདོག་པས་དེ་དག་ལ་གཟིགས་པར་ཞུ། གང་ལྟར། བོད་དུ་རྒྱན་དྲུག་གི་ཐ་སྙད་དངོས་སུ་བྱུང་བ་སྔ་ཤོས་ནི་གོང་གསལ་བཞིན་ (28)《མདོ་གཟེར་མིག་》ལྟ་བུ་ཡིན་པར་སྣང་ཞིང་དེ་ནི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ལ་བྱུང་བར་མཁར་རྨེའུ་བསམ་གཏན་རྒྱ་མཚོའི་ ⑫《མདའ་དང་འཕང་》དུ་གསལ་ལོ།། ནང་པའི་རྒྱུད་སྡེ་རྣམས་སུ་ཐ་སྙད་འདི་རིགས་དང་མཚུངས་པའི་རུས་པའི་རྒྱན་དྲུག་སོགས་ཡོད་པའི་གསལ་བཤད་ཞུ་མཁན་བྱུང་ཡང་ཞིབ་པའི་ལྟ་ཀློག་མ་ཐུབ་པས་རྒྱུས་ཡོད་དག་གིས་སྨྲ་བར་འཚལ། དུས་རབས་བཅུ་གསུམ་པའི་དུས་མཇུག་ཙམ་དུ་ཡར་ལུང་ས་ཆར་ཨུ་རྒྱན་གླིང་བས་གཏེར་ནས་བཏོན་པའི་སློབ་དཔོན་པདྨའི་རྣམ་ཐར་ཏེ། རྗེ་འབངས་ཉེར་ལྔའི་ཡ་གྱལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཛད་པར་གྲགས་པའི་ (29)《པདྨ་བཀའ་ཐང་》དུ་ཡང་། རྒྱན་དྲུག་གི་ཐ་སྙད་གོང་འོག་རེ་འགར་བྱུང་། དེས་ན་ཕྱིན་དྲུག་མཚོན་པའི་རྒྱན་ལ་གླང་བོ་ཆེ་སྟོབས་ཀྱི་རྒྱན་དང་སེང་གེ་མི་འཇིགས་པའི་རྒྱན་སོགས་སུ་སྨོས་པ་དང་། ཡང་ན། "བྱ་ཁྱུང་ཆུ་སྲིན་འབྲུག་དང་ཀླུ་ཕྲུག་སོགས།།" ཅེས་པ་ལྟར་བྱ་རྒྱལ་ཁྱུང་ཆེན་དང་ཆུ་སྲིན་དང་འབྲུག་དང་ཀླུ་ཕྲུག་དང་ཡི་གེ་དང་གནོད་སྦྱིན་རྣམས་ལ་གོ་བ་དང་། ཡང་། "འཁོར་ལོ་རྣ་ཆ་འགུལ་རྒྱན་གདུ་བུ་དང་།། མཆོད་ཕྱིར་ཐོགས་དང་ཐལ་ཆེན་གྱི་ཚོམ་བུ།། རིམ་བཞིན་བརྩོན་འགྲུས་བཟོད་པ་ཚུལ་ཁྲིམས་དང་།། སྦྱིན་པ་བསམ་གཏན་ཤེས་རབ་དག་ཏུ་གསུངས།།" ཅེས་པར་ལྟར་གཞན་དུ་བཤད་པའི་སྤྲུལ་བའི་སྐུའི་རྒྱན་དྲུག་གམ་སྐུ་ལ་མཛེས་པའི་རྒྱན་དྲུག་དང་མཚུངས་མིན་ཡང་བརྟག སྐུ་ལ་མཛེས་བའི་རྒྱན་གྱི་ཐ་སྙད་ནི་རྒྱ་གར་མཁས་པའི་གཞུང་ནའང་གྲགས་པར་སྣང་མོད་འདི་དག་དང་གོ་དོན་འདྲ་མིན་མ་རྟོགས།  མདོར་ན། སྔགས་ཕྱི་བ་ལྟར་དབུ་རྒྱན་སོགས་གོང་དུ་བཤད་པའི་བགྲང་ལུགས་གང་ཡིན་ཡང་འཛམ་གླིང་རྒྱན་དྲུག་གི་ཐ་སྙད་ཀྱི་གཞི་འཛིན་སའི་གཙོ་བོར་སྣང་ཞིང་། ད་དུང་སྟོད་འགག་གི་རྒྱན་དྲུག་སྟེ་བུམ་པ་ལྟོ་བའི་རྒྱན་སོགས་ཀྱང་གོང་གི་ཐ་སྙད་དེ་དག་གི་འདོགས་ལུགས་དང་ཆུ་ལ་ཆུ་བཞག་ཏུ་སོང་གཤིས་གཅིག་གིས་གཅིག་ལ་ཤུགས་རྐྱེན་ཐེབས་པ་སྨོས་མ་དགོས་པར་སྣང་།RLL

མཇུག་བསྡུ།RLL

དགོངས་མངའ་ལྟར། ཁོ་བོས་འབྲི་ཁུལ་བགྱིས་པའི་རྩོམ་ཡིག་འདི་ལ་དཔྱད་རྩོམ་ཞེས་པའི་ཐ་སྙད་རྣམ་དག་ཅིག་མི་འབྱོར་ནའང་དང་པོ་ནས་རང་གི་འདོད་པ་གཙོར་འདོན་མ་བྱས་པར་ཐ་སྙད་དེའི་འབྱུང་ཁུངས་དང་གྲུབ་ལུགས། མིང་གི་ཆ་ཤས་སོ་སོའི་གོ་དོན་སོགས་ཡིག་ཆ་གསར་རྙིང་དེད་ནས་བྲིས་པ་མ་གཏོགས་དཔྱད་རྩོམ་ཡིན་མདོག་གིས་རང་གི་འདོད་ཕྱོགས་དང་མི་མཐུན་པའི་ཁུངས་སྣེ་ཞིག་རྙེད་ནའང་གུད་དུ་མཁྱུད་ཅིང་ལྡོག་པའི་དོན་ལ་བརྩོན་པར་མ་བྱས། མདོར་ན། དཔྱད་གཞི་འདིས་མཚོན་པའི་ནང་བསྟན་སྐོར་གྱི་ཐ་སྙད་ཇི་སྙེད་ཅིག་བན་བོན་གྱི་གྲུབ་མཐའ་མི་འདྲ་བའི་གཞུང་སོ་སོར་བྱུང་བ་ནི་སྨོས་ཅི་ལ་དགོས་མོད། དུས་ནམ་གྱི་ཚེ་བྱུང་བ་དང་ཚུལ་ཇི་ལྟར་བྱུང་བ་སོགས་མ་འཁྲུག་མ་ནོར་བར་བྱ་བ་ནི་གལ་འགངས་ཤིན་ཏུ་ཆེ་སྟེ། དཔེར་ན། དེང་གི་ཆར་གླིང་གི་དཔལ་ཐུལ་བརྒྱད་ཅུ་ལ་གྲུབ་ཆེན་བརྒྱད་ཅུའི་མིང་གི་བསྙད་པ་ལྟ་བུ་སྟེ་ནམ་ཞིག་བླ་མ་རྡོ་རྗེ་ལྡན་པས་ཚོགས་འཁོར་མཛད་པའི་སྐབས་སུ་བྱུང་བའི་གྲུབ་ཆེན་བརྒྱད་ཅུ་དེའང་ཕྱིས་ཀྱི་དཔའ་ལྷ་སེང་སྟག་ཨ་དོམ་སོགས་མི་འཇོག་པའི་ངེས་པ་མེད་པས་དང་པོ་ནས་ཐ་སྙད་ལ་བདག་སྐྱོང་བྱ་བ་གལ་ཆེའོ།།  རེ་འགས་གླིང་གི་དཔལ་ཐུལ་རྣམས་གྲུབ་ཆེན་བརྒྱད་ཅུའི་སྐུ་སྐྱེ་ཡིན་པས་དེ་ལྟར་སྨྲ་བ་མི་རིགས་སོ་ཞེས་འཇུ་མི་ཕམ་པའི་ (30)《བརྡ་གསང་མན་ངག་》སོགས་དྲངས་པ་ནི་གཟུ་ལུམ་སྨྲས་པའི་གཏམ་ཉིད་དུ་གོ་སླའོ།།RLL

 RLL

ཁ་འཕངས་ཡིག་ཆ་ཁག་གི་མཚན་བྱང་།RLL

① རྒྱུན་མཁོའི་ཞལ་འདོན་ཕྱོགས་བསྒྲིགས། 2003ལོ། P262 P222RLL

② སྐད་གཉིས་ཤན་སྦྱར། P12 P12 RLL

③ བོད་རྒྱ་ཚིག་མཛོད་ཆེན་མོ། སྟོད། མི་རིགས་དཔེ་སྐྲུན་ཁང་།2011ལོ། P853 RLL

④ ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་།1986ལོ། P1466 RLL

⑤ བདུད་འཇོམས་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1996ལོ། P51 P50 RLL

⑥ དུང་དཀར་ཚིག་མཛོད། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།2009ལོ། P1765 P1765 P1765 RLL

⑦ དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་།1981ལོ། P8 P183 P8 RLL

⑧ ས་སྐྱ་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།2003ལོ། P48 RLL

⑨ ཀུན་མཁྱེན་གསུང་འབུམ། བོད་རིག་པ་དཔེ་སྐྲུན་ཁང་།2009 ལོ། P32 RLL

⑩ མདོ་རྒྱས་པ་དྲི་མེད་གཟི་བརྗིད།པོད།17 ནང་གསེས།4 དབྲ་བཙུན་ནམ་མཁའ་རིན་ཆེན། པོད།24 ནང་གསེས།11 སྤྲུལ་སྐུ་བློ་ལྡན་སྙིང་པོ། པོད།14 ནང་གསེས།1 སྤྲུལ་སྐུ་བློ་ལྡན་སྙིང་པོ།RLL

⑪ མ་གཞི་བཀའ་བརྟན་ཞེས་པ་བན་དེས་བསྟན་འགྱུར་ཞེས་པ་དང་གོ་དོན་གཅིག་ཏུ་སོང་མོད་འདིར་ནི་བོན་པོའི་བཀའ་འགྱུར་དང་བཀའ་བསྟན་གཉིས་ཀྱི་བསྡུས་ཚིག་གོRLL

⑫ མདའ་དང་འཕང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།སྟོད།2007ལོ། P242 P272 P244 P372 RLL

⑬ བཀའ་གདམས་ཕ་ཆོས། P152 P84 RLL

⑭ རྒྱ་གར་ཆོས་འབྱུང་། P28 P36 P68 P3 P147 P3 RLL

⑮ དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ།པོད།2 ནུབ་བྱང་མི་རིགས་སློབ་ཆེན་གྱི་རྩོམ་རིགས་འཛིན་གྲྭས་བསྒྲིགས།2003ལོ། P47 RLL

⑯ ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆགས། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།2006ལོ། P242 RLL

⑰ རྰ་མ་ཎའི་རྟོགས་བརྗོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P19 RLL

⑱ དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1985ལོ། P61 P311 RLL

⑲ བོད་རྒྱ་ནང་དོན་རིག་པའི་ཚིག་མཛོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P292 RLL

⑳ བོད་ཡིག་ཚིག་གཏེར་རྒྱ་མཚོ།སྟོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2013ལོ། P609 RLL

(21) སྡེ་སྣོད་གསུམ་གྱི་ཚིག་མཛོད།སྟོད།P140 RLL

(22) ཡོངས་གྲགས་སུ་བསྟོད་བཞི་ཞེས་བགྲངས་མོད་(《ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2002ལོ། P404) དུ་《བསྟོད་ཚོགས་བཅུ་བཞི་》ཞེས་བགྲང་ངོ་།RLL

(23) སྒོམ་སྡེ་ཚིག་མཛོད།སྟོད།ཐེ་ཝན་པར་མ། 2013ལོ། P417 RLL

(24) བསྟན་འགྱུར་དཔེ་བསྡུར་མ།སེམས་ཙམ། P70 P805 RLL

(25) ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས།སྟོད། ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།2014ལོ། P28 RLL

(26) ཤེས་བྱ་ཀུན་ཁྱབ་རྩ་འགྲེལ་དང་བཅས་པ།སྟོད། བཀའ་བརྒྱུད་མེས་པོའི་རིག་གཞུང་གཅེས་སྐྱོང་ཁང་། P209 བར་ཆ།P430 RLL

(27) གནའ་སྔ་མོའི་རྒྱ་གར་གྱི་མཁས་པ་ཞིག་སྟེ་འཆི་མེད་སེང་གེ་བྱ་བས་མཛད་པའི་ཚིག་མཛོད་ཅིག་མིན་ནམ་སྙམ་ཡང་ཁོ་བོའི་མཐོང་མྱོང་མེད། མཁས་དབང་ཟམ་གདོང་རིན་པོ་ཆེས་གནའ་ནས་རྒྱ་གར་ལ་ཚིག་མཛོད་ཡོད་པའི་སྒྲུབ་བྱེད་ལྟ་བུར་གསུངས་པས་དཔྱད་པར་འཚལ།RLL

(28) མདོ་འབྲིང་པོ་འདུས་པ་རིན་པོ་ཆེའི་རྒྱུད་མདོ་གཟེར་མིག པོད།28 ནང་གསེས།1 དྲན་རྗེ་བཙུན་པ་གསེར་མིག པོད29 ནང་གསེས།2 དྲན་རྗེ་བཙུན་པ་གསེར་མིགRLL

(29) པདྨ་བཀའ་ཐང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1988ལོ། P194 RLL

(30) བརྡ་གསང་མན་ངག དཔེ་ཆ་འདི་ཁོ་བོས་ཀློག་མ་ཐུབ་པས་ཤོག་ངོས་སོགས་གསལ་བོར་བཤད་རྒྱུ་མེད་མོད་རང་གི་སྐད་གྲོགས་ཤིག་གིས་བཤད་པ་ཡིན་ན། གླིང་གི་དཔའ་ཐུལ་བརྒྱད་ཅུ་དེ་གྲུབ་ཆེན་བརྒྱད་ཅུའི་སྐུ་སྐྱེས་ཡིན་པས་དེ་དག་ལ་གླིང་གི་གྲུབ་ཆེན་བརྒྱད་ཅུ་ཞེས་དཔེ་ཆ་དེར་བྲིས་པ་མ་ཟད་ཡོངས་གྲགས་ཀྱང་རེད་ཅེས་བཤད་དོ།།   RLL

 RLL

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།