༄༅།། ཡིག་ཚང་ཞེས་པའི་མིང་འདོགས་ལ་དཔྱད་པ།
སྤེལ་དུས།  2018-01-19  རྡེབ་ཚད།   ཡོང་ཁུངས།  ཀྲུང་གོ་བོད་ཀྱི་་དྲ་བ།  རྩོམ་པ་པོ། སྒོ་མེ་ཚེ་དབང་རྣམ་རྒྱལ།  རྩོམ་སྒྲིག་པ། lobsang

ནང་དོན་གནད་བསྡུས། རྒྱའི་文献ཞེས་པའི་མིང་བརྡ་འདི་ལ་ད་ལྟ་བོད་ཡིག་གི་ལམ་ནས་གཙུག་ལག་དང་། ཡིག་ཚང་། ཡིག་ཆ། ཚད་ལྡན་ཡིག་ཆ། ཡིག་ཚགས། ཡིག་རིགས་ལ་སོགས་རང་ཉིད་གང་མོས་པ་བཞིན་སྤྱོད་ཀྱིན་པར་སྣང་ཡང་། མིང་དེ་དག་གི་དོན་གྱི་འཇུག་ཚུལ་དང་བཅས་པར་བརྟག་ན། སྐབས་སུ་བབ་པའི་བརྗོད་བྱའི་དོན་གྱི་གནད་ཐུབ་པ་ནི་ཡིག་ཚང་ཉིད་དུ་ངེས་པའི་ཚུལ་བསྟན་ཡོད།ACf

བརྡ་ཆད་གཙོ་བོ། ཡིག་ཚང་། མིང་འདོགས་ལུགས། དོན་གྱི་འཇུག་ཚུལ།ACf

དང་པོ། གདགས་གཞི་ལ་མིང་དུ་མ་བྱུང་བའི་ཚུལ།ACf

ཡིག་ཚང་ཞེས་པའི་མིང་འདི་བོད་ལ་གནའ་སྔ་མོ་ནས་བྱུང་ཡོད་པ་དང་། བོད་སིལ་བུའི་དུས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་སྐད་གསར་བཅད་ཐེངས་གསུམ་པ་མཛད་པའི་ཕྱིས་ཀྱི་ལོ་རྒྱུས་དེབ་ཐེར་ལ་བལྟས་ན། ཡིག་ཚང་ཞེས་པ་ངག་རྗེས་སམ་ངག་རྒྱུན་དང་འདས་ཟིན་གྱི་དོན་ནམ་དེ་ཟིན་ཐོར་བཀོད་པའི་ལོ་རྒྱུས་ཀྱི་དཔེ་སོགས་ལ་གོ་བ་ཡོངས་གྲགས་རེད། མིང་གང་གི་བསྟན་དོན་ཡང་རྒྱའི་文献ཞེས་པའི་མིང་ལ་ཕྱི་གླིང་གཞུང་ལུགས་ཀྱི་ཤན་མ་ཞུགས་གོང་གི་བསྟན་དོན་དང་ཆ་འདྲ་བར་སྣང་བས། 文献ཞེས་པའི་མིང་གི་ལྟོས་ཟླར་གྱུར་བ་ལ་ཐེ་ཚོམ་ཅི་ཡང་མེད་མོད། ཉེ་དུས་ཀྱི་རིག་གཞུང་བརྩམས་ཆོས་དང་མིང་བྱང་སྒོ་བྱང་འགའ་རེ་ན་དེ་མཚོན་གྱི་དོན་ལ་མིང་མི་འདྲ་བ་དུ་མ་སྤྱོད་ཀྱིན་པ་མཐོང་སྟེ། བོད་ཀྱི་རྩོམ་རིགས་རྣམ་བཞག་[1]བྱ་བའི་དེབ་ཏུ་རྩོམ་རིགས་ཞེས་པའི་མིང་གསར་དུ་བཏགས་ཡོད་ལ། རིག་གཞུང་དུས་དེབ་རེ་གཉིས་སུ་དེ་ལ་ཡིག་ཆ་ཞེས་པའི་མིང་ཅན་གྱི་དཔྱད་རྩོམ་སྤེལ་ཡོད་པ་མ་ཟད། འདི་ཆེད་གཉེར་དུ་འཛིན་པའི་ཆེད་ལས་ཀྱི་རིག་ཚན་ལ་ཡིག་ཆ་རིག་པར་བཏགས་ཡོད་པའང་མཐོང་། རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་དུ་དེ་ལ་ཚད་ལྡན་ཡིག་ཆ་[2]ཞེས་བསྒྱུར་ཡོད་ཅིང་། གཞན་དུ་ན་ཡིག་ཚགས་དང་ཡིག་རིགས། ཡིག་རྙིང་ལྟ་བུའི་ཡིག་ཚང་གྲུབ་བྱེད་ཀྱི་རྒྱུའམ་ཡིག་ཚང་གི་མཚོན་བྱེད་དུ་གྱུར་བའི་རྒྱུའི་མིང་གིས་མཚོན་པར་བྱས་པ་དང་། ཡང་ཁ་ཅིག་གིས་གདགས་གཞིའི་གནའ་རབས་ཀྱི་མིང་སྟེ་གཙུག་ལག་སྤྱད་ཡོད་པ་བཅས་ནི་དོན་འདི་ཁྱད་དུ་འཛིན་མཁན་དག་ལ་གསལ་ངེས་ཡིན། གོང་བསྟན་གྱི་དཔྱད་བརྗོད་རེ་འགར་བོད་དུ་རིག་པ་འདི་ཉིད་སྔོན་དར་མ་མྱོང་བས་མིང་གསར་དུ་བཟོ་བའི་དགོས་པ་སོགས་བརྗོད་ཡོད་པ་ནི་མི་འདོད་དེ། རིག་ཚན་གྱི་ནང་དོན་ནས་བལྟས་ན་ཡིག་ཚང་ཐོག་མ་བྱུང་བ་ནས་རིག་པ་གང་གི་སྲོལ་བྱུང་བར་བཤད་ཀྱང་འགལ་བ་མེད་པར་སྣང་། གང་ཡིན་ཟེར་ན། ཡིག་ཚང་རིག་པའི་ཁྱབ་ཁོངས་སུ་ཡིག་ཚང་གི་གྲུབ་ལུགས་ཀྱང་འདུ་བས་ཕྱིར། དེ་ན་བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་རྒྱལ་བའི་བཀའ་དང་བསྟན་བཅོས་བསྒྱུར་བ་རྣམས་ཀྱི་མཚན་ཐོ་ཕྱོགས་གཅིག་ཏུ་བསྡུས་པ་ཆེས་སྔ་གྲས་སུ་གཏོགས་པའི་དཀར་ཆག་ཆེན་མོ་གསུམ་ལ་སོགས་པར་ཡིག་ཚང་ཕྱོགས་བསྡུ་དང་། ལེགས་སྒྲིག སྡེ་ཚན་དབྱེ་སྟངས་དང་དཀར་ཆག་འགོད་ཐབས་ལ་སོགས་པའི་རིག་པ་རྒྱ་ཆེར་སྤྱད་པ་ནི་ཡིག་ཚང་གི་རིག་པ་བྱུང་ཡོད་པའི་དན་རྟགས་གལ་ཆེན་ཞིག་ཏུ་ངེས་པ་མ་ཟད། རིག་པ་དེ་ཉིད་དར་འཕེལ་གྱི་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པའང་ངང་གིས་ཤེས་ཐུབ། དེ་བས་བོད་ལ་དེང་གི་གོ་དོན་ལྟར་གྱི་ཡིག་ཚང་རིག་པའི་གཞུང་ལུགས་འཐུས་སྒོ་ཚང་བ་ཞིག་བྱུང་མེད་ནའང་། ཡིག་ཚང་གི་རིག་པ་ནི་གནའ་ནས་དར་ཞིང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པར་ངེས།ACf

སྤྱིར་ན་བོད་ཀྱི་ཡུལ་དུ་རིག་གནས་དར་ཡུན་རིང་བ་ལ་བརྟེན་ནས་ཡིག་ཚང་འབོར་ཆེན་པོ་བྱུང་བ་དང་། དེ་བཞིན་དུ་ཡིག་ཚང་བེད་སྤྱོད་ཀྱི་ཁྱབ་རྒྱ་ཆེ་ཞིང་དོན་གཉེར་མཁན་ཡང་མང་དུ་བྱུང་བའི་དབང་གིས་དོན་དེ་མཚོན་གྱི་མིང་ཡང་གོང་བསྟན་སྣ་ཚོགས་སུ་རྒྱུ་ལ་འབྲས་བུའི་ཚུལ་དུ་སོང་མོད། དེ་དག་གང་མོས་པ་བཞིན་སྤྱོད་ཀྱིན་པ་ནི་ཆེད་མིང་གཅིག་གྱུར་དང་རིག་གཞུང་སྒྲིག་སྲོལ་ཅན་དུ་བསྒྱུར་བའི་དགོངས་གཞི་དང་འགལ་བར་གྲུབ། དེ་ཕྱིར་རིག་ཚན་གང་གི་རྨང་ལེགས་པོར་ཚུགས་ཤིང་ཡལ་འདབ་རྣམ་པར་རྒྱས་སླད། དེ་ལ་ཡོངས་སུ་གྲགས་པའི་གཅིག་གྱུར་གྱི་འབོད་སྟངས་ཤིག་ཅིས་ཀྱང་ཆགས་དགོས་པར་སྙམ་ནས་གཤམ་དུ་མིང་དེ་དག་གི་འཇུག་ཡུལ་དང་ཡིག་ཚང་འཇོག་པའི་རྒྱུ་མཚན་བཅས་རགས་རིམ་ཙམ་བརྗོད་པ་བྱ།ACf

གཉིས་པ། མིང་དེ་དག་གི་བྱུང་བ་དང་གོ་དོན་བསྟན་པ།ACf

ཐོག་མར་མིང་བརྡ་དེ་དག་གི་བྱུང་བ་དང་གོ་དོན་གྱི་ཐད་ནས་ཅུང་ཙམ་གླེང་ན། སྔོན་གྱི་ཡིག་ཚང་དུ་གཙུག་ལག་ཅེས་པའི་མིང་དེ་གང་སར་མཐོང་ཐུབ་པ་དང་། གཙོ་བོ་ནང་བསྟན་བོད་དུ་དར་བ་ནས་ལོ་པཎ་རྣམས་ཀྱིས་བསྒྱུར་ཅིང་མཛད་པའི་བཀའ་དང་བསྟན་བཅོས་གཙོར་མཛད་པའི་རིག་པའི་གནས་ཡོད་དོ་ཅོག་གི་དཔེ་དང་གླེགས་བམ་སྤྱིའི་འབོད་སྟངས་ཤིག་ཏུ་གྱུར་ཡོད་དེ།  སྦ་བཞེད་ལས། དེ་ལ་གཙུག་ལག་གི་གབ་ཚེ་སུམ་བརྒྱ་དྲུག་ཅུ་ཡོད་པས་རྒྱ་ནག་གཙུག་ལག་གི་རྒྱལ་པོར་གྲགས་[3]ཞེས་དང་། རྒྱའི་ཧུར་བྱ་བའི་གཙུག་ལག་ལས། འདི་ལྟ་བུ་བཀུམ་ན་དེ་ཕུར་དུ་(ཏེ་པོར)སྡིག་ཆེའོ་མཆི་ཟེར་[4]བས་དཔེ་དང་གླེགས་བམ་སྤྱིར་གཙུག་ལག་དང་བྱེ་བྲག་གི་ཧུར་བྱ་བའི་དཔེ་ལའང་གཙུག་ལག་ཏུ་འབོད་པ་དང་། ཡང་གཙུག་ལག་མཁན་གྱིས་ཇི་སྐད་ཟེར་བ་བཞིན་གསོལ་བ་དང་[5]ཞེས་རིག་པའི་གནས་ལ་མཁས་པའམ་ཡིག་ཚང་མཛད་མཁན་ལ་གཙུག་ལག་མཁན་དུ་འབོད་པའང་ཤེས་ཐུབ། ཕྱིས་སུ་གཙུག་ལག་གི་གོ་དོན་དེ་རིམ་འགྱུར་གྱིས་སྐུ་གསུང་ཐུགས་ཀྱི་རྟེན་མཐའ་དག་ལ་གོ་བ་མ་ཟད། རྟེན་དེ་རྣམས་བཞེངས་ས་དང་བཞུགས་སར་གྱུར་བ་ལ་ད་རག་བར་དུ་གཙུག་ལག་ཁང་དུ་འབོད་པ་བཞིན་ཏེ། དེ་ལྟ་ན་གཙུག་ལག་གི་ཐོག་མའི་གོ་དོན་དེ་སྐབས་བབས་ཀྱི་གདགས་གཞིའི་དོན་དང་ཅུང་འབྱོར་ན་ཡང་། ཐ་སྙད་ཁག་ཅིག་དུས་གྱི་འགྱུར་བ་དང་བསྟུན་ནས་དོན་གྱི་གོ་བར་འགྱུར་བ་འབྱུང་བ་བཞིན། དེ་ཡི་བསྟན་དོན་ལ་གོ་བ་རིམ་འགྱུར་གྱིས་གདགས་གཞི་གང་ལས་དོན་གྱི་འཇུག་ཚུལ་ཁྱབ་ཆེ་རུ་སོང་ཞིང་ད་ཆ་བོད་པའི་རིག་གནས་ཀྱི་སྤྱི་མིང་ཙམ་དུ་ཆགས་ཡོད་པས་མ་སྦྱར།ACf

ཡིག་ཆ་ཞེས་པའི་ཐ་སྙད་འདི་རྒྱལ་རབས་གསལ་བའི་མེ་ལོང་དུ། རྒྱ་ཧོར་གཉིས་ཀྱི་ཡིག་ཆ་དེབ་ཐེར་ལ་མཁས་པ་[6]ཞེས་ཐེངས་གཅིག་བྱུང་ཡོད་ཀྱང་། དེབ་ཐེར་དེ་ཉིད་དང་སྔ་ཕྱིར་བྱུང་བའི་དེབ་ཐེར་གཞན་ན་གདགས་གཞིའི་དོད་དུ་ཐ་སྙད་གང་སྤྱད་པ་འགའ་ཡང་མ་མཐོང་ཕྱིར། དེ་ཡིས་གདགས་གཞིའི་དོན་ཡོངས་སུ་མཚོན་ཐུབ་ཀྱིན་ཡོད་མེད་ད་དུང་བརྟག་པའི་གནས་སུ་འཁུམས། ཡིག་ཆ་ལ་དེ་མིན་གྱི་གོ་དོན་མི་འདྲ་བ་དུ་མ་དང་ལྡན་ཏེ། རིག་པའི་གནས་ལ་མངའ་བརྙེས་པའི་དགེ་བའི་བཤེས་གཉེན་དམ་པ་གང་གིས་རང་གི་གདུལ་བྱར་གྱུར་བའི་དགོན་སྡེ་དང་གྲྭ་ཚང་ཁག་ལ་གཏན་དུ་འཁེལ་བའི་བསླབ་གཞི་ལྟ་བུར་ཡིག་ཆ་སྟེ། དཔེར་ན་ཀུན་མཁྱེན་ཡིག་ཆ་དང་རྗེ་བཙུན་ཡིག་ཆ་ལྟ་བུ། དེ་མིན་གྱི་གོ་ཚུལ་གཞན་ཞིག་ནི་སྲིད་གཞུང་ལས་ཁུངས་ནས་སྤེལ་བའི་སྒྲིག་སྲོལ་དང་ཐག་གཅོད་ལ་སོགས་པའི་ཡི་གེ་ལ་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡི་གེ་ངེས་མིན་ཐམས་ཅད་ཀྱིས་སྤྱི་མཐུན་དུ་ཡིག་ཆར་འབོད་པས་སྤྱོད་ཁྱབ་ཧ་ཅང་ཆེ། དེ་ན་ཡིག་ཆ་ཞེས་པ་སྐབས་བབས་ཀྱི་དོན་འདི་ལ་སྦྱར་བའི་ཚུལ་ནི། གཙོ་བོ་ཏུན་ཧོང་བོད་ཡིག་ཡིག་ཚང་ལ་ཞིབ་འཇུག་བྱེད་མཁན་སྔ་མ་དག་གིས་རྒྱ་ཡིག་ལ་དཔེར་བལྟས་ནས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཞེས་པ་ལྟ་བུ་རྒྱ་ཆེར་སྤྱད་ཡོད་པ་དང་། དེང་གི་ཆེད་རྩོམ་མང་དག་ཅིག་ཏུ་དོན་འདིར་ཡིག་ཆ་སྤྱར་བའང་གཙོ་བོ་དེ་དག་གི་རྗེས་སུ་འབྲངས་པར་སེམས། ལོ་རྒྱུས་ཡིག་ཚང་གི་ནང་གསེས་ཀྱི་བརྡ་ཡིག་དང་བཀའ་ཡིག་སོགས་བྱེ་བྲག་གི་ཡེ་གེར་ཡིག་ཆ་སྦྱར་ཡང་འགལ་བ་མེད་ཀྱང་། ཡིག་ཚང་སྤྱི་ལ་ཡིག་ཆར་འབོད་པ་ནི་དོན་ལ་མི་གནས་ཤིང་མ་དག་རྒྱུན་འབྱམས་ཀྱི་ཚུལ་དུ་ངེས་པ་མ་ཟད། དུས་སྐབས་གཅིག་གི་ནང་མིང་གཅིག་དོན་དུ་མར་འཇུག་པའི་ཚུལ་མང་དུ་མཐོང་བ་ནི་སྐད་རིགས་གང་གི་ནུས་པ་ཞན་པར་གྱུར་བའི་མངོན་རྟགས་སུ་འདོད་དོ། །ACf

ཡིག་རྙིང་ཞེས་པའི་མིང་དེ་ལ་ཡིག་ངོས་ནས་མ་དག་པའི་ཚུལ་མངོན་པར་གསལ་ཡང་། དེང་སྐབས་གནའ་དུས་ཀྱི་ཡི་གེ་ལ་ཡིག་རྙིང་ཞེས་པ་རྒྱུན་འབྱམས་སུ་གྱུར་བའི་ཚོད་དུ་སྣང་ཞིང་། དེ་དང་འདྲ་བར་དཔེ་རྙིང་ཞེས་པའི་མིང་དེ་ཉིད་དིང་སང་རྒྱུན་སྤྱོད་ཀྱི་མིང་ཞིག་ཏུ་གྱུར་ཡོད་པ་མ་ཟད། གནའ་དུས་ཀྱི་དཔེ་ཆ་སྤར་སྐྲུན་བྱེད་ས་ལའང་དཔེ་རྙིང་དཔེ་སྐྲུན་ཁང་ལ་སོགས་པའི་དོན་དེ་འབྲེལ་གྱི་ལས་མང་དག་ཅིག་ལ་མིང་དེ་ཉིད་སྦྱར་ནས་སྤྱོད། སྤྱིར་ན་གནའ་དེང་དང་གསར་རྙིང་ཞེས་པའི་མིང་ཚན་དེ་གཉི་ཀའི་དུས་སྟོན་པ་འདྲ་བར་མཐོང་ཡང་། གནའ་དེང་ཞེས་པས་དུས་རང་སྟེང་གི་སྔ་ཕྱིའི་དུས་མཚམས་ཤིག་མཚོན་གྱིན་པ་སྟེ། དེ་དང་ངོ་བོ་གཅིག་པའི་མིང་ལ་དཔེར་ན་ན་ནིང་དང་ད་ལོ། ཁ་སང་དང་དེ་རིང་ལྟ་བུའོ། ། གསར་རྙིང་ཞེས་པས་བྱ་དངོས་ཤིག་གི་ངོ་བོ་དང་རྣམ་པ་སོགས་ལ་དུས་གྱི་འགྱུར་བ་དང་བསྟུན་ནས་འགྱུར་བ་བྱུང་བའི་སྔ་ཕྱིའི་ངང་ཚུལ་དེ་སྟོན་པས་ཞིབ་པར་བསམ་ན་དེ་གཉིས་ལ་ཁྱད་པར་ཆེན་པོ་ལྡན། ཡང་ཁ་ཅིག་གིས་དུས་རབས་གསར་པ་ཞེས་ན་དུས་བསྟན་པར་སྙམ་ཡང་། དེ་ནི་དུས་རབས་གསར་བའི་ནང་མིའི་གཞལ་ཡུལ་དུ་གྱུར་བའི་བྱ་དངོས་ཀུན་ལ་འཕེལ་འགྱུར་གྱི་རྣམ་པ་སྔ་ན་མེད་པ་ཞིག་མངོན་པ་དེ་ཡིན་པ་ལས་དུས་རང་སྟེང་ལ་གསར་རྙིང་གི་ཁྱད་པར་ཡོད་མི་སྲིད། དཔེ་རྙིང་ནི་དཔེ་ཆ་རྙིང་པ་ཞེས་པའི་ཚིག་སྡུད་ཡིན་ཞིང་། དེང་གི་གོ་ཚུལ་ལྟར་གྱི་དཔེ་རྙིང་ནི་དུས་ཀྱི་ཆ་ནས་ངོས་བཟུང་ཡོད་པ་ལས་ངོ་བོ་དང་རྣམ་པའི་སྟེང་གི་འགྱུར་བ་མ་ཡིན་ཕྱིར། དེ་ལ་གནའ་རབས་ཀྱི་དཔེ་ཆ་འམ་གནའ་དཔེ་ཞེས་དང་། དེ་བཞིན་དུ་ཡིག་རྙིང་ཞེས་པའང་གནའ་དུས་ཀྱི་ཡི་གེ་འབའ་ཞིག་ལ་ངོས་འཛིན་བྱ་བས་ན་གནའ་བོའི་ཡི་གེའམ་གནའ་ཡིག་ཅེས་ན་ལུགས་མཐུན་དུ་འདོད། རིག་པའི་སྡེ་རུ་ཡིག་རྙིང་བྱ་བའི་མིང་དེ་རྒྱའི་古文དང་དོན་མཚུངས་ཀྱི་མིང་དུ་འཛིན་པའི་སྲོལ་དུ་གྲུབ་འདུག་ཀྱང་། དུས་ཀྱི་ཆ་ནས་དེ་ནི་གནའ་རབས་ཡིག་ཚང་ཁག་ཅིག་གི་མཚོན་ཐབས་སུ་གྱུར་བ་རྒྱུ་མཚན་མ་དྲངས་ཀྱང་ཤེས་སླའོ། ། ཡང་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་དུ་དེ་ལ་ཚད་ལྡན་ཡིག་ཆ་ཞེས་བསྒྱུར་མོད། དེ་ལ་ཚད་ལྡན་ཡིན་མིན་ཅི་རིགས་ཡོད་ངེས་ཤིང་། གང་ཞིག་ཚད་ལྡན་ཡིན་མིན་གྱི་ཚད་གཞི་ཡང་འཇོག་དཀའ་བས་མ་ཁྱབ།ACf

ཡིག་རིགས་ནི་མདོ་རྒྱ་ཆེར་རོལ་བ་ལས་རྒྱ་གར་གྱི་ཡིག་རིགས་དྲུག་ཅུ་རྩ་བཞི་ལ་སོགས་པ་བསྟན་པའི་དཔེ་ལྟར་ཡི་གེའི་རིགས་མི་འདྲ་བའི་དོན་ལ་ད་བར་དུ་དེ་ལྟར་གོ་བ་དང་། གཞན་ཡིག་ཚང་མི་འདྲ་བ་ལ་ཡིག་རིགས་སུ་འབོད་པ་རྒྱའི་参考文献ལ་ལྟོས་ཏེ་དཔྱད་གཞིའི་ཡིག་རིགས་ལྟ་བུར་བཏགས་པ་ནི་མི་འོས་ཤིང་། 参考资料ལ་དཔྱད་གཞིའི་ཡིག་རིགས་ཟེར་བར་རྗེས་གྲུབ་ཀྱི་མིང་གི་འདོགས་སྟངས་ལྟར་གོ་བ་བླངས་ན་དེ་ཡང་མ་ཁྱབ་ཏེ། 资料ལ་བཟོ་རིས་དང་དབྱངས་རྟ་ལ་སོགས་པའང་འདུ་བས་ཕྱིར་རོ། ། དེ་བཞིན་དུ་ཡིག་ཚགས་ལྟ་བུ་ཡང་档案ལ་རྒྱུན་འབྱམས་སུ་སྦྱོར་བཞིན་པས་ན། དེ་ཉིད་ཡང་བསྐྱར་ཡིག་ཚང་གི་མིང་དོད་དུ་བྱས་པ་ནི་རྙོག་དྲའི་རྒྱུ་འབའ་ཞིག་གོ །ACf

གཞན་དུ་ན་དེང་གི་གཞུང་ལུགས་ཀྱི་བརྩམས་ཆོས་སུ། རྩོམ་རིགས་(文献)ཞེས་པ་བོད་ལ་སྔར་མ་གྲགས།་་་དེ་བས་ན་རྩོམ་གྱི་རིགས་སུ་གྱུར་ཚད་ཀྱི་ཆ་ནས་ས་མཐའ་ཅན་གྱི་རིགས་འདི་བྱས་ཏེ་རྩོམ་རིགས་ཞེས་པའི་ཐ་སྙད་གསར་བ་ཞིག་བཏགས་ན་སྙམ་པས་དེ་ལྟར་བགྱིས་[7] ཞེས་རྒྱ་ཡིག་གི་མིང་ལ་ལྟོས་ཏེ་འདི་ལ་རྩོམ་རིགས་ཞེས་པའི་མིང་གསར་བ་ཞིག་བཏགས་ཡོད་ལ། དེ་ཡང་文献ཞེས་པའི་དེང་རབས་ཀྱི་གོ་དོན་དེ་རྩོམ་རིག་གི་ངོ་བོའི་སྟེང་ནས་དབྱེ་བ་དགར་བའི་རྩོམ་གྱི་རིགས་ཁོ་ན་ཙམ་གྱིས་མ་ཁྱབ་པས་དེ་གཉིས་དོན་མཚུངས་ཀྱི་མིང་དུ་བརྗོད་དཀའ་བ་དང་། སྐབས་དེའི་རྩོམ་རིགས་ཞེས་པ་མིའི་རྩོལ་བ་ལ་བརྟེན་ནས་བསྐྱེད་པའི་འབྲས་བུའི་རིགས་མཐའ་དག་ལ་གོ་དགོས་པ་ཡིན་ན། མིའི་རྩོལ་བ་ལས་བསྐྱེད་པ་ཐམས་ཅད་ཡིག་ཚང་དུ་འདུ་བའི་ངེས་པ་མེད་ལ། ཡང་གཅིག་བཤད་ན་མི་རིགས་གཞན་པས་རང་གི་རིག་གནས་ལོ་རྒྱུས་ཀྱི་རྒྱུན་སྔུན་ལ་འདེད་ཅི་ནུས་བྱ་བའི་སྐབས་སུ། ང་ཚོས་རང་ལ་སྔར་ཡོད་པ་སྣང་མེད་དུ་བསྐྱུར་ཏེ་ཡོད་ཚད་ཕྱི་ནས་མགོ་རྩོམ་པའི་དགོས་པ་ཅི་ཡང་མ་མཐོང་ཞིང་། དེ་མཐུན་གྱི་ཐ་སྙད་ཅི་ལྟར་བསྒྱུར་ན་འགྲིག་མིན་སོགས་ཀྱི་ངལ་བ་དེ་བས་ཀྱང་མི་དགོས་སོ། ། ང་ཚོའི་སྐད་ཡིག་སྤྱོད་སྟངས་ཐད་གོང་བསྟན་དང་འདྲ་བའི་མིང་དང་ཐ་སྙད་ཀྱི་སྦྱོར་ཚུལ་ལ་ཞིབ་ཆ་མ་ཐོན་ས་མང་དུ་མཐོང་ཐུབ་ཅིང་། དེ་དག་ལ་ཞིབ་ཆ་འདོན་རྒྱུ་ནི་རིག་གཞུང་ཞིབ་འཇུག་བྱ་བའི་སྔོན་འགྲོའི་ལས་སུ་ངེས་དགོས་པ་ལྟ་བུ་ཞར་ལ་སྨྲས་པའོ། །ACf

གསུམ་པ། ཡིག་ཚང་དུ་འབོད་པའི་རྒྱུ་མཚན་བསྟན་པ།ACf

ཡིག་ཚང་ནི་བོད་བཙན་པོའི་རྒྱལ་རབས་སྐབས་ནས་བྱུང་བའི་ཐ་སྙད་ཅིག་ཡིན་ལ། ད་བར་དུ་ལོ་ངོ་སྟོང་ཕྲག་ལྷག་གི་དུས་ཀྱི་འགྱུར་རིམ་མི་འདྲ་བ་ལ་དེ་ཡི་བྲི་ལུགས་དང་གོ་དོན་ལའང་འགྱུར་བ་དེ་ཙམ་བྱུང་ཡོད་པ་དང་། དེའི་ཚུལ་མདོར་ཙམ་བཀྲལ་ན། གཡུ་རྨང་བརྩན་གྱིས་ནང་རྗེ་བོ་བློན་བཙན་བཟང་ལ་གསོལ་བའི་ཡི་གེར། སྦྲུལ་གྱི་ལོའྀ་དཔྱིད་སླ་འབྲིང་པོ་ཚེས་བཅུ་བཞྀ་ལ་ཡྀག་ཙང་གཡུ་སྩལ་ཏེ་བློན་ཅེར་སྩལ་པར་ཆད་དོ་[8]ཞེས་དང་། གློ་བ་ཉེ་བ་ཡིག་གཙང་དང་བྱ་སྒ:སྩལད།[9] ཡང་ཡྀག་སྩང་[10]དང་། ཆེད་ནི་བླ་ནས་གྱང་ཐུགས་ཆེ་སྟེ། བཀའ་དྲིན་ཡིག་ཚང་ལ་སྩོགས་པ་ཡང་བསྟོད་[11]ཅེས་ལ་སོགས་པ་བཞིན་བཙན་པོའི་དུས་སྐབས་ཀྱི་ཤུལ་བཞག་ཤོག་དྲིལ་དང་རྡོ་རིངས་སོགས་ཀྱི་ཡི་གེར་ཡྀག་ཙང་དང་། ཡིག་གཙང་། ཡྀག་སྩང་། ཡྀག་ཚང་། ཡིག་ཚང་ལྟར་གྱི་འབྲི་སྲོལ་མི་འདྲ་བ་མང་དུ་བྱུང་ཡོད་ནའང་། དོན་གྱི་འཇུག་ཚུལ་ནི་གོང་དུ་འཁོད་པའི་དཔེ་ལྟར་བཙན་པོའི་རྒྱལ་རབས་ཀྱི་དུས་སྐབས་སུ་བློན་པོའི་གོ་གནས་ཀྱི་རིམ་པ་མཚོན་བྱེད་དམ་ཡང་ན་བློན་བྱས་རྗེས་ཅན་ལ་གཟེངས་སུ་སྤྲད་པའི་ཡི་གེ་འཁོད་པའི་བྱང་བུ་དེ་སྟོན་པ་དང་། དུས་སྐབས་དེ་ནི་ཡི་གེ་ལེགས་བཅོས་དང་བརྡ་ཆད་གཅིག་གྱུར་དུ་གཏོང་བཞིན་པའི་དུས་རིམ་ཞིག་ཏུ་ངེས་ཕྱིར། ཐ་སྙད་ཁག་ཅིག་གི་བྲི་ཚུལ་གཏན་ཆགས་སུ་གནས་མེད་པས། དེ་ལྟར་དུ་མཐོང་ཡང་གང་གི་དོན་ལ་མ་མཐའ་ཡང་དུས་རབས་བརྒྱད་པ་ནས་དགུ་བའི་བར་དུ་འགྱུར་བ་བྱུང་མེད་པ་འདྲ། དུས་སྐབས་དེའི་ཡིག་ཚང་ལས་ལོ་རྒྱུས་ཀྱི་དངོས་དཔང་ཐུབ་པའི་རྡོ་རིངས་དང་ཤོག་དྲིལ་སྔ་གྲས་དག་ན། ཟླ་གོང་གི་བུ་ཚ་རྒྱུད་གང་ཉེ་བ་གཅིག་དངུལ་གྱྀ་ཡི་གེ་ཆེན་ཕོ་གཡུང་དྲུང་དུ་སྩལད་པར་གནང་ངོ་[12]ཞེས་དེའི་དོད་དུ་ཡི་གེ་ཞེས་པའི་མིང་ཞིག་ཀྱང་སྦྱར་ནས་ཡོད། ཡོངས་གྲགས་ལྟར་གྱི་སྐད་གསར་བཅད་ཐེངས་གསུམ་པའི་རྗེས་སུ་ཡིག་ཚང་ཁོ་ན་ལས་གོང་གི་འབྲི་སྲོལ་གཞན་དག་རྒྱུན་བཀོལ་དུ་མ་མཐོང་ཡང་།  སྦ་བཞེད་དུ། ཐབས་ཡིག་ཚངས་གསེར་གྱི་ཡི་གེ་ཆུང་ངུ་བྱིན་ནས་གྲལ་ཡང་ཞང་བློན་ཆེན་པོའི་གོང་དུ་འདུག་ཅིག་[13]ཅེས་པའི་གོ་དོན་འདི་ལ་ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་གཞན་ཡང་བཀའ་གྲོས་ཆེན་པོ་དྲུག ཡིག་ཚངས་དྲུག བཀའི་ཕྱག་རྒྱ་དྲུག རྐྱེན་དྲུག་དཔའ་མཚན་དྲུག་སྟེ། དེ་རྣམས་ཀྱི་སྟེང་དུ་ཁྲིམས་ཡིག་དྲུག་པོ་བསྣན་པས་བོད་ཀྱི་འཁོས་སུམ་ཅུ་རྩ་དྲུག་[14]ཅེས་དང་། རྐྱེན་དྲུག་བཤད་སྐབས་མཛངས་པའི་རྐྱེན་དུ་ཡིག་ཚངས་[15]ཞེས་པའང་དོན་དེ་དང་འདྲའོ། ། ཡང་ཆོས་འབྱུང་དེ་ཉིད་དུ། དཔའ་ལ་སྟག་གིས་མ་བསྟོད་ན། ། དཔའ་ངར་བྱས་པའི་རུ་མ་མེད། ། མཛངས་ལ་ཡིག་ཚངས་མ་བསྟོད་ན། ། ཕྱིན་ཆད་མཛངས་ངན་ཤན་མི་ཕྱེད། །[16]ཞེས་དང་། གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་སུ། བ་སོའི་ཁྲི་ལ་ཟ་འོག་གི་གདན་བཏིང་། ཡིག་ཚངས་དུ་གསེར་གྱི་ཕུད་བུ་དང་མཐིང་གི་བུམ་པ་ཡང་གནང་ངོ་[17]ཞེས་དུས་སྐབས་དེའི་ཆོས་འབྱུང་ལོ་རྒྱུས་ཕལ་ཆེ་བར་ཡང་འཇུག་ས་ཅན་གྱི་ཡིག་ཚངས་འདི་བྲིས་ཏེ་བརྗོད་བྱར་གྱུར་བའི་ཡིག་ཚང་གཉིས་སོ་སོར་ཕྱེས་ཡོད་པ་མཐོང་ཞིང་། དེར་གཞིགས་ན་སྐད་གསར་བཅད་ཀྱི་རྗེས་ནས་མིང་འདི་གཉིས་ཀྱི་སྦྱོར་ཚུལ་ལ་ལེགས་བཅོས་དེ་ཙམ་གནང་ཡོད་པ་འདྲ་ཡང་། ཕལ་ཆེ་བ་དེ་འདྲར་མཐོང་བ་ཙམ་ལས་མཐའ་གཅིག་ཏུ་དེ་འདྲའི་ངེས་པ་མ་མཆིས་ཏེ། མིང་དེ་གཉིས་དོན་ཕན་ཚུན་སྡེབ་ནས་སྦྱར་བའང་རེ་འགའ་སྣང་། ཉེ་རབས་ཀྱི་མཁས་པ་རྣམས་ཀྱིས་གོང་གི་སྣང་ཚུལ་དེ་ལ་དོ་སྣང་ཆེར་མ་བྱས་པར་མིང་དེ་གཉིས་གང་བདེར་སྦྱར་ཡོད་མོད། གང་ལྟར་སྐད་གསར་བཅད་ཀྱི་རྗེས་སུ་བློན་པོའི་གོ་གནས་ཀྱི་རིམ་པ་མཚོན་བྱེད་ཀྱི་ཡི་གེ་འཁོད་པའི་བྱང་བུ་དེར་ཡིག་ཚངས་སུ་འབྲི་བའི་སྲོལ་བྱུང་ཡོད་པ་ཤེས་ཐུབ། སིལ་བུའི་དུས་ནས་བཟུང་ཕྱིས་ཀྱི་བརྩམས་ཆོས་དག་ན་ངག་རྗེས་སམ་ངག་རྒྱུན་དང་འདས་ཟིན་གྱི་དོན་ནམ་དེ་ཟིན་ཐོར་བཀོད་པའི་ལོ་རྒྱུས་ཀྱི་དཔེ་སོགས་ལ་ཡོང་གྲགས་སུ་ཡིག་ཚང་དུ་འབོད་པ་དང་། སྦ་བཞེད་དུ། རྗེའི་ཞབས་ཏོག་དུའང་དེ་ཆེ། བུ་ཚའི་དགེ་དང་ཡིག་ཚང་དུའང་དེ་ཆེ་[18]ཞེས་དང་། ཡིག་ཚང་ངམ་ངག་རྒྱུན་ཉིད་ལ་བརྟག་འོས་དང་[19]ཞེས་པ་ལྟར་ལོ་རྒྱུས་ཤེས་འདོད་ན་དེ་ཡི་མཚོན་ཐབས་གཙོ་བོར་གྱུར་བའི་ངག་རྒྱུན་དང་ཡིག་ཚང་བརྟག་པར་བསྐུལ་བ་དང་། རྒྱལ་རབས་གསལ་བའི་མེ་ལོང་དུ། རྒྱ་བོད་ཀྱི་ཡིག་ཚང་རྒྱས་པར་ཤེས་འདོད་ན། དེབ་ཐེར་དེ་ཉིད་ལ་གཟིགས་ཤིག་[20]ཅེས་དང་། ཡང་གསེར་ཐོག་པ་རིན་རྡོར་གྱིས་(གྱི་)ཡིག་ཚང་ལས་ཟུར་ཙམ་བྲིས་པ་ཡིན་གྱིས་རྒྱལ་པོ་རེ་རེ་བཞིན་གྱི་མཛད་པ་ཕྲིན་ལས་རྣམས་ཞིབ་པར་ཤེས་འདོད་པ་དེ་ཉིད་ཀྱི་ཡིག་ཚང་ལ་གཟིགས་ཤིག་[21]ཅེས་འདས་ཟིན་གྱི་ལོ་ཟླའི་ནང་བྱུང་བའི་དོན་རྣམས་ཡི་གེར་འཁོད་པ་ལ་ཡིག་ཚང་ཞེས་དང་། དེབ་ཐེར་དམར་པོ་རུ། རྒྱ་བོད་ཀྱི་ལོ་རྒྱུས་འདི་ཐའི་ཛུང་གི་དུས་ཀྱི་ཡིག་ཚང་པ་བ་སུ་ཁྱིས་བརྩམས་[22]ཞེས་ཡིག་ཚང་མཛད་མཁན་ལ་ཡིག་ཚང་པ་ཞེས་རྒྱ་བོད་ཡིག་ཚང་ཆེན་མོ་སོགས་ལའང་དེ་ལྟར་མཐོང་།ACf

ཕྱིས་སུ་དགའ་ལྡན་སྲིད་དབང་གི་རྩ་འཛུགས་ཁྲོད་གཞུང་གི་ཡིག་ཆ་འབྲི་ས་དང་དོ་དམ་བྱེད་སའི་ལས་ཁུངས་ཤིག་ཡོད་པ་ལ་རྩེའི་ཡིག་ཚང་ལས་ཁུངས་སུ་འབོད་པ་དེ་ཡང་གོང་དུ་བསྟན་པའི་སྐུ་གསུང་ཐུགས་རྟེན་གྱི་གཙུག་ལག་རྣམས་བཞེངས་ས་དང་བཞུགས་སར་གྱུར་བ་ལ་གཙུག་ལག་ཁང་དུ་འབོད་པའི་དཔེ་བཞིན་དུ་རིགས་བསྒྲེས་གྱིས་གོ་ན་ཨེ་འགྲིག་སྙམ། ཡང་ཁ་ཅིག་གིས་ཡིག་ཚང་དེ་ལོ་རྒྱུས་ཀྱི་ཡི་གེ་ཁོ་ནར་འདོད་པ་དེ་ཡང་མ་ངེས་ཏེ། བཙན་པོའི་སྐབས་ཀྱི་བུན་ཡིག་དང་རྩིས་ཐོ་ལ་སོགས་པ་དེང་སྐབས་དཔལ་འབྱོར་ལོ་རྒྱུས་ལ་ཞིབ་འཇུག་བྱ་བའི་ཡིག་ཚང་གལ་ཆེན་དུ་གྱུར་ཡོད་ཅིང་། དེང་སྐབས་བྲིས་པའི་སྒྲུང་ལ་སོགས་པའང་མ་འོངས་པའི་དུས་ཤིག་ན་འདས་ཟིན་གྱི་སྤྱི་ཚོགས་ལོ་རྒྱུས་ལ་ཞིབ་འཇུག་བྱ་བའི་ཡིག་ཚང་གལ་ཆེན་དུ་འགྱུར་སྲིད་པས། ཐོག་མར་གང་ཞིག་ལོ་རྒྱུས་དང་གང་ཞིག་ལོ་རྒྱུས་མ་ཡིན་པའི་དབྱེ་མཚམས་གསལ་ཐག་གཅོད་དཀའ་བས་སོ། །ACf

མདོར་ན་མིང་དང་ཐ་སྙད་ཅིག་གིས་སྟོན་པའི་དོན་དེ་ཡང་ཐོག་མར་བྱེད་པོས་ཕར་གཏད་པ་དང་། རིམ་གྱིས་རྒྱུན་འབྱམས་སུ་སོང་ནས་མིང་དེ་དོན་གང་གི་མཚོན་བྱེད་ཙམ་དུ་གྱུར་བ་དང་། མིང་དེ་ཡིས་སྟོན་པའི་དོན་ལ་དུས་ཀྱི་འཕེལ་རིམ་ཁྲོད་སྐད་ཡིག་གི་སྤྱི་ཚོགས་ཀྱི་དགོས་མཁོ་ལ་སོགས་པའི་དབང་གིས་འགྱུར་ལྡོག་འབྱུང་སྲིད་པའི་ཆོས་ཉིད་ལྟར་དུ། བོད་དུ་གནའ་རབས་སུ་ཐུབ་བསྟན་པའི་བཀའ་དང་བསྟན་བཅོས་སོགས་གླེགས་བམ་མམ་དཔེ་ཆ་སྤྱི་ལ་གཙུག་ལག་ཏུ་འབོད་པ་དང་། ངག་རྗེས་སམ་ངག་རྒྱུན་དང་འདས་ཟིན་གྱི་དོན་ནམ་དེ་ཟིན་ཐོར་བཀོད་པའི་དཔེ་ཆ་སོགས་ལ་ཡིག་ཚང་ཞེས་པའི་མིང་གཉིས་བྱུང་ཡོད་ཅིང་། གཙུག་ལག་ཅེས་པའི་མིང་གི་གོ་དོན་ལ་སྔ་མོ་ནས་འགྱུར་བ་བྱུང་སྟེ་གདགས་གཞིའི་དོན་གྱིས་མ་ཁྱབ་པའི་ཚུལ་གོང་དུ་བརྗོད་ཟིན་ལ། ཡིག་ཚང་གི་དོན་གྱི་གོ་ཚུལ་དང་ཡི་གེའི་བྲི་ལུགས་བཅས་ལའང་འགྱུར་བ་དེ་ཙམ་བྱུང་ཡོད་མོད། བུ་ཚའི་དགེ་དང་ཡིག་ཚང་ངམ་ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་[23]གི་དོན་མཚོན་པར་བྱས་ནས་ད་ཕན་བར་དུ་མ་མཐའ་ཡང་ལོ་ངོ་སྟོང་ཕྲག་ཡས་མས་ཙམ་འགོར་ཡོད་པ་དང་། དེང་གི་ཆར་ཡང་དོན་དེ་མཚོན་གྱི་སྤྱོད་ཡུལ་མང་དག་ཅིག་ལ་ཡིག་ཚང་སྤྱོད་ཀྱིན་ཡོད་པ་བཅས་ལ་གཞིགས་ན། གོང་དུ་བསྟན་པའི་ཐ་སྙད་དག་ལས་ལྟོས་བཅོས་སུ་སྐབས་བབས་ཀྱི་བརྗོད་བྱའི་དོན་གྱི་གནད་ཐུབ་པ་ཡིག་ཚང་ཉིད་དུ་ངེས་པ་དང་། བྱེ་བྲག་གི་ཡིག་ཆ་དང་། ཚད་ལྡན་ཡིག་ཆ། རྩོམ་རིགས་གསུམ་ཡིག་ཚང་གི་ཁོངས་གཏོགས་སམ་རིགས་སུ་གྱུར་བ་དང་། གཞན་རྣམས་ལ་རང་རང་གི་འཇུག་ཡུལ་ལྟར་དུ་གོ་བ་ལེན་པར་འོས། བློན་པོའི་གོ་གནས་མཚོན་པའི་བྱང་བུ་ལ་སྐད་གསར་བཅད་མཐའ་མའི་རྗེས་ཀྱི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་གི་ཡིག་ཚང་རྣམས་ལས་ཕལ་ཆེ་བར་ཡང་འཇུག་ས་སྦྱར་བའི་ཡིག་ཚངས་འདི་བྲིས་པ་མཐོང་ཞིང་། ཚངས་ཤེས་པའི་དོན་ཡང་ཚངས་རྒྱ་བ་ལྟ་བུར་ཁྱད་དུ་འཕགས་པ་དང་ཕུལ་དུ་ཐོན་པའི་དོན་ལ་འཇུག་པས་ན། སྐབས་དོན་མཛངས་ལ་ཡིག་ཚངས་ཀྱིས་བསྟོད་པར་བྱ་ཞེས་པའི་དོན་དང་ཤིན་ཏུ་འབྱོར་ཞིང་དེ་ལྟར་དག་པར་མཐོང་ཞིང་། འདིར་བརྗོད་བྱར་གྱུར་བ་ལ་ཡང་འཇུག་མེད་པའི་ཡིག་ཚང་ཆེད་བཀོལ་གྱི་མིང་དུ་སྤྱད་ན་དོན་མི་འཁྲུག་པ་ལས་གདགས་གཞིའི་ལོ་རྒྱུས་ཀྱི་ཆ་ནས་བལྟས་ནའང་དགེ་མཚན་ཆེ་བར་མཐོང་ནས་དེ་ལྟར་སྦྱར་ན་ལེགས་སམ་སྙམ། དེང་གི་དུས་དེབ་རེ་འགར་文献标识码འགོད་པའི་ཚེ་ན། དེ་ལ་ཡིག་ཚང་མཚོན་བྱང་ཞེས་ཆེད་དོན་འདི་ལ་ཡིག་ཚང་སྦྱར་ཡོད་པ་མ་གཏོགས། ད་སྔའི་ཡན་ལ་སྤེལ་བའི་ཡིག་ཚང་རིག་པའི་གཞུང་ལུགས་ཐད་ཀྱི་དཔྱད་བརྗོད་རེ་གཉིས་ཡོད་པ་དག་དང་རིག་ཚན་གང་གི་མིང་སོགས་ལ་གོང་བསྟན་ལྟར་རྩོམ་རིགས་དང་ཡིག་ཆ་རིག་པ་སོགས་ཀྱི་མིང་བརྡ་དག་སྤྱད་པ་ལས། ཡིག་ཚང་དང་ཡིག་ཚང་རིག་པ་སོགས་སྦྱར་བ་གཅིག་ཀྱང་མ་མཐོང་ན། འདིར་ཆེད་དོན་དུ文献ལ་ཡིག་ཚང་དུ་བཏགས་ཏེ་རིག་གཞུང་གི་ལམ་དུ་དྲངས་ན་འོས་ཚུལ་གྱི་དཔྱད་པ་མདོར་བསྡུས་ཤིག་ཁྱབ་ཁོངས་འདིར་དོ་སྣང་གནང་མཁན་རྣམས་ཀྱི་སྤྱན་སྔར་བསྟར་བ་ལགས།ACf

དཔྱད་རྩོམ་འདིའི་ནང་དོན་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ2010ལོའི་དེབ་གསུམ་པའི་སྟེང་གི་བོད་ཀྱི་ཡིག་ཚང་རིག་པའི་མིང་དོན་དང་ཁྱབ་ཁོངས་ལ་དཔྱད་པ་ཞེས་པར་སྤེལ་བ་དང་། ཕྱིས་སུ་དོན་ཚན་ཁོལ་དུ་ཕྱུང་སྟེ་ཁ་བྱང་ལ་ཡིག་ཚང་ཞེས་པའི་མིང་འདོགས་ལུགས་ལ་དཔྱད་པ་ཞེས་སྦྱར་ནས་རྩེར་སྙེག་2011ལོ་དེབ་དང་པོར་སྤེལ་ཡོད།  ACf

མཆན་འགྲེལ།ACf

[1]ཀླུ་ཚང་རྡོ་རྗེ་རིན་ཆེན། བོད་ཀྱི་རྩོམ་རིགས་རྣམ་བཤད། [M] མི་རིགས་དཔེ་སྐྲུན་ཁང་། 1992ACf

[2]རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད། [Z]མི་རིགས་དཔེ་སྐྲུན་ཁང་། 1991 ཤོག་ངོས1050པར་གསལ།ACf

[3]སྦ་གསལ་སྣང་། སྦ་བཞེད།[M] མི་རིགས་དཔེ་སྐྲུན་ཁང་། 1980  ཤོག་ངོས2པར་གསལ།ACf

[4]སྦ་གསལ་སྣང་། སྦ་བཞེད།[M] མི་རིགས་དཔེ་སྐྲུན་ཁང་། 1980  ཤོག་ངོས5པར་གསལ།ACf

[5]སྦ་གསལ་སྣང་། སྦ་བཞེད།[M] མི་རིགས་དཔེ་སྐྲུན་ཁང་། 1980  ཤོག་ངོ24སཔར་གསལ།ACf

[6]ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་།[M]མི་རིགས་དཔེ་སྐྲུན་ཁང་། 2007 ཤོག་ངོས25པར་གསལ།ACf

[7]ཀླུ་ཚང་རྡོ་རྗེ་རིན་ཆེན། བོད་ཀྱི་རྩོམ་རིགས་རྣམ་བཞག [M] མི་རིགས་དཔེ་སྐྲུན་ཁང་། 1992 ཤོག་ངོས200རུ་གསལ།ACf

[8]གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་ཪྙིང་ཡིག་ཆ་བདམས་བསྒྲིགས།[G] ཀྲུང་དབང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995  ཤོག་ངོས322སུ་གསལ།ACf

[9]དབང་རྒྱལ་དང་བསོད་ནམས་སྐྱིད། ཏུང་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [G]མི་རིགས་དཔེ་སྐྲུན་ཁང་། 1992 ཤོག་ངོས31ཏུ་གསལ།ACf

[10]གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་ཪྙིང་ཡིག་ཆ་བདམས་བསྒྲིགས།[G] ཀྲུང་དབང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995  ཤོག་ངོསལ322་གསལ།ACf

[11]དབང་རྒྱལ་དང་ཁྲིན་ཅན་གྱིས་སྒྱུར་སྒྲིག་བྱས། ཏུན་ཧོང་བོད་ཀྱི་གནའ་ཡིག་ཡིག་ཚང་། [G]ཧྲང་ཧེ་གནའ་དཔེ་དཔེ་སྐྲུན་ཁང་། 2008 ཤོག་ངོས234རུ་གསལ།ACf

[12]པ་ཚབ་པ་སངས་དབང་འདུས། སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ། [M]བོད་ལྗོང་མི་དམངས་དཔེ་སྐྲུན་ཁང་། 2013 ཤོག་ངོས10པར་གསལ།ACf

[13]སྦ་གསལ་སྣང་། སྦ་བཞེད། [M] མི་རིགས་དཔེ་སྐྲུན་ཁང་། 1980 ཤོག་ངོས62སུ་གསལ།ACf

[14]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M]མི་རིགས་དཔེ་སྐྲུན་ཁང་།  2006 ཤོག་ངོས103དུ་གསལ།ACf

[15]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M]མི་རིགས་དཔེ་སྐྲུན་ཁང་། 2006  ཤོག་ངོས103དུ་གསལ།ACf

[16]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006  ཤོག་ངོས104རུ་གསལ།ACf

[17]བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག  [G] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012  ཤོག་ངོས169རུ་གསལ།ACf

[18]སྦ་གསལ་སྣང་། སྦ་བཞེད།[M] མི་རིགས་དཔེ་སྐྲུན་ཁང་། 1980 ཤོག་ངོས18དུ་གསལ།ACf

[19]ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ།[G]བོད་ལྗོངས་བོད་ཡིག་དཔེ་ཪྙིང་དཔེ་སྐྲུན་ཁང་། 1990 ཤོག་ངོས77དུ་གསལ།ACf

[20]ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་། [M]མི་རིགས་དཔེ་སྐྲུན་ཁང་།2007 ཤོག་ངོས25རུ་གསལ།ACf

[21]ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་།[M]མི་རིགས་དཔེ་སྐྲུན་ཁང་།2007  ཤོག ཤོག་ངོས246པར་གསལ།ACf

[22]ཚལ་པ་ཀུན་དགའ་རྡོ་རྗེ།  དེབ་ཐེར་དམར་པོ།[M]མི་རིགས་དཔེ་སྐྲུན་ཁང་།1981  ཤོག་ངོས24རུ་གསལ།ACf

[23]ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན།  རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986 ཤོག་ངོས7པར་གསལ།ACf

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།