༄༅།། དགའ་ལྡན་ཕོ་བྲང་གི་དུས་སྐབས།
སྤེལ་དུས།  2017-12-01  རྡེབ་ཚད།   ཡོང་ཁུངས། Tibet  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

དགའ་ལྡན་ཕོ་བྲང་ནི་རྒྱལ་མཆོག་ལྔ་པ་ཆེན་པོས་གསར་དུ་བཙུགས་ཤིང་། དེ་ནས་བཟུང་རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱིས་སྐྱོང་བའི་བོད་ཀྱི་སྲིད་གཞུང་གི་མིང་སྟེ། དེ་ཡང་སྣེའུ་གདོང་དཔོན་རིགས་རྣམས་འབྲས་སྤུངས་སུ་ཡོང་སྐབས་ཀྱི་གནས་ཁང་རྡོ་ཁང་སྔོན་མོ་དང་འབྲས་སྤུངས་དཔོན་ཁང་ཡང་ཟེར། དེ་ཕག་གྲུ་སྡེ་སྲིད་ཁྲི་རབས་བཅུ་གཅིག་པ་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་གྱིས་སྲིད་དབང་བཟུང་རྗེས། ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་འབྲས་སྤུངས་མཁན་པོ་གནང་སྐབས་རབ་བྱུང་དགུ་པའི་ས་སྟག་སྤྱི་ལོ1518ལོར་བཞུགས་གནས་སུ་ཕུལ་ཞིང༌། མིང་དགའ་ལྡན་ཕོ་བྲང་ཞེས་འདོགས་པར་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ཤུལ་ཕྱག་མཛོད་སྐུ་མདུན་རིན་པོ་ཆེ་ཆོས་བཟང་འཕྲིན་ལས་ཀྱིས་འགན་བླངས་ཤིང༌། སྐྱིད་ཤོད་སྡེ་པ་བཀྲ་ཤིས་རབ་བརྟན་གྱིས་འཆར་འགོད་ཐོག་འུལ་མི་རྡོ་ཤིང་བཅས་ཀྱི་ཞལ་འདེབས་ཕུལ་ཏེ་ཕོ་བྲང་འདི་རྒྱ་བསྐྱེད་གསར་བཞེངས་བྱས་པ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པའི་བཞུགས་གནས་གཙོ་ཆེ་བའི་གྲས་སུ་གྱུར། དེ་ནས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོ་སྟེ་སྤྱི་ལོ1642ལོར་རྒྱལ་དབང་སྐུ་ཕྲེང་ལྔ་པས་བཙུགས་པའི་བོད་ཀྱི་གཞུང་གསར་པའི་མིང་ལ་དགའ་ལྡན་ཕོ་བྲང་ཞེས་འདོགས་པ་གནང་བའི་རྒྱུ་མཚན་དེ་ལྟར་ཡིན།xW3

1.དགའ་ལྡན་ཕོ་བྲང་།xW3

དེ་སྔའི་བོད་ས་གནས་སྲིད་གཞུང་གིས་རང་ཉིད་ལ་ཆེ་བསྟོད་བྱས་པའི་མིང་ཡིན།འདི་ནི་སྔར་འབྲས་སྤུངས་སུ་རྡོ་ཁང་སྔོན་མོ་ཟེར་བ་ཞིག་ཡོད་པ་རྗེས་སུ་སྣེའུ་གདོང་དཔོན་རིགས་རྣམས་འབྲས་སྤུངས་སུ་ཡོང་སྐབས་ཀྱི་གནས་ཁང་ཡིན་པས་འབྲས་སྤུངས་དཔོན་ཁང་ཡང་ཟེར་ཞིང༌། ཕག་གྲུ་སྡེ་སྲིད་ཁྲི་རབས་བཅུ་གཅིག་པ་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་གྱིས་སྲིད་དབང་བཟུང་རྗེས།ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་འབྲས་སྤུངས་མཁན་པོ་གནང་སྐབས་རབ་བྱུང་དགུ་པའི་ས་སྟག(1518)ལོར་བཞུགས་གནས་སུ་ཕུལ་ཞིང༌།མིང་ལ་དགའ་ལྡན་ཕོ་བྲང་ཞེས་འདོགས་པར་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ཤུལ་ཕྱག་མཛོད་སྐུ་མདུན་རིན་པོ་ཆེ་ཆོས་བཟང་འཕྲིན་ལས་ཀྱིས་འགན་བླངས་ཤིང༌། སྐྱིད་ཤོད་སྡེ་པ་བཀྲ་ཤིས་རབ་བརྟན་གྱིས་འཆར་འགོད་ཐོག་འུལ་མི་རྡོ་ཤིང་བཅས་ཀྱི་ཞལ་འདེབས་ཕུལ་ཏེ་ཕོ་བྲང་འདི་རྒྱ་བསྐྱེདགསར་བཞེངས་བྱས་པ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པའི་བཞུགས་གནས་གཙོ་ཆེ་བའི་གྲས་སུ་གྱུར་པ་དང༌། སྐུ་ཕྲེང་ལྔ་པས་བོད་ས་གནས་ཀྱི་སྲིད་དབང་སྐྱོང་བ་གནང་སྐབས་སླར་ཡང་ཉམས་གསོ་རྒྱ་སྐྱེད་ཐོག་སྲིད་གཞུང་གསར་པའི་མིང་ལ་དགའ་ལྡན་ཕོ་བྲང་ཞེས་འདོགས་པ་གནང་བའི་རྒྱུ་མཚན་དེ་ལྟར་ཡིན།xW3

2. དབང་སྒྱུར་བྱས་ཚུལ།xW3

སོག་པོ་གུ་ཤྲི་ཧན་གྱིས་དང་པོ་མདོ་ཁམས་ཀྱི་ས་ཆ་མང་པོ་དབང་དུ་བསྡུས། དེ་ནས་ཕྱག་མཛོད་བསོད་ནམས་རབ་བརྟན་གྱི་ལྐོག་ཏུ་གདན་འདྲེན་ཞུས་པ་ལྟར་དབུས་སུ་སླེབས་པ་དང༌། དབུས་སོག་མཉམ་འབྲེལ་གྱི་དམག་གིས་གཙང་ཕྱོགས་ལ་ཕར་རྒོལ་བྱས་ཏེ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ1642ལོར་གཙང་པ་རྒྱལ་པོའི་སྲིད་དབང་དངོས་སུ་འཕྲོག་ཐུབ་པ་བྱུང་བ་དང༌།  ཕྱག་མཛོད་བསོད་ནམས་རབ་བརྟན་དང༌།  སོག་པོ་གུ་ཤྲི་ཧན་ལྷན་རྒྱས་ཀྱིས་འབྲས་སྤུངས་བླ་བྲང་འོག་མའི་བླ་མ་རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་འབྲས་སྤུངས་ནས་གཞིས་ཀར་རྩེར་གདན་དྲངས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོར་རྒྱལ་དབང་ལྔ་པ་ཆེན་པོ་མངའ་གསོལ་བའི་མཛད་སྒོ་གྲུབ་པ་དང༌། སྐབས་དེར་ཁོང་གི་ཐུགས་ཧ་ཅང་དགྱེས་ཡོད་པའི་སྐོར་རྣམ་ཐར《དུ་ཀཱུ་ལ》དེབ་ཀ་བའི་ནང༌།  རྩེར་ཕྱིན་པའི་ཐོག་མར་ཚོམས་ཆེན་དུ་བོད་སོག་གྲངས་མེད་ཚོགས་པའི་དབུས་གྲལ་གྱི་ཚེ། གོང་མ་སེ་ཆེན་གྱིས་འཕགས་པ་རིན་པོ་ཆེར་འབུལ་ཆེན་གསུམ་དུ་མཛད་པའི་ཕྱི་མ་མ་སྐྱེས་དགྲའི་རྟེན་སྐལ་རྒྱལ་བ་ཉི་མའི་གཉེན་གྱི་འཕེལ་གདུང་རྒྱལ་ཁ་རྩེར་བཞུགས་པའི་གྲགས་པ་ཅན་དེ། ཡོངས་གྲགས་འཕགས་པ་རིན་པོ་ཆེས་ཡེ་ཤེས་པ་མངོན་སུམ་བཅུག་པའི་ཁྲུས་ལོང་མ་ཎི་མའམ། ལུགས་གཅིག་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་གསལ་མེ་ལོང་ཆོས་དབང་རིན་པོ་ཆེའི་གཏེར་བྱོན། རིན་སྤུངས་ངག་དབང་འཇིག་རྟེན་དབང་ཕྱུག་གིས་ཞལ་བཀོད་མའི་རིགས་ལྡན་ཡོལ་བ་ཁྱད་མཚར་གྱིས་སྣ་དྲངས།  ནང་རྟེན།   བླ་སྐུ།  ལི་མ།   རྒྱ་ནག་མས་མཚོན་པའི་རྟེན་མཆོད་མང་པོ་དང༌།   གཞིས་ཀ་བསམ་འགྲུབ་རྩེས་ཐོག་དྲངས་བོད་ཁྲི་སྐོར་བཅུ་གསུམ་ཡོངས་སུ་རྫོགས་པ་འབུལ་བ་ཡིན་ཞེས་དྲིལ་བསྒྲགས།    ཞེས་དང༌།   ཡང་དེ་ཉིད་ལས།  སྐྱེ་བོ་གཞན་དུ་རང་གིས་ཕར་ཕན་བཏགས་པའི་དྲིན་ལན་གཞལ་དགོས་པ་བཞིན་ཡིན་ན་ཟོར་ཅུང་ཟད་ཡང༌། དེ་མིན་རྒྱལ་པོའི་ཐུགས་བརྩེ་གཏད་ལུགས་ལ་དཔགས་ན་འདི་སྣང་གི་གེགས་སེལ་རྟིང་མའི་ཡར་འདྲེན་ཡོང་བའི་གདེང་གང་ཡང་མེད་པས་དྲིན་ལན་བསྐལ་པར་ཡང་གཞལ་དཀའ་བའི་ཁུར་ལྕི་བར་གདའ།  འདི་རིགས་དམ་ཆོས་སྒྲུབ་པའི་གྲོགས་སུ་ནི་ག་ལ་འགྲོ།   འོན་ཏེ་བོད་འདིར་མགོ་ཆིངས་ཤིག་ཡོད་ན་དུས་ཀྱང་བདེ་ཞིང༌།  ས་བཀའ་རྙིང་གསུམ་སོགས་གྲུབ་མཐའ་གཞན་རྣམས་དམིགས་པ་མེད་པའི་དབྱིངས་སུ་རྒྱས་མི་འདེབས་པར་ཕན་ནམ་སྙམ་པ་བྱུང༌། ཞེས་སོགས་གསལ་བ་དེས་ན་རྒྱལ་དབང་ལྔ་པ་ཆེན་པོ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོའི་ཁྲི་ལ་འཁོད་པའི་སྐབས་སུ་ཐུགས་ཤིན་ཏུ་དགྱེས་ཚོར་ཆེན་པོ་བྱུང་ཡོད་པ་དང༌། སོག་པོ་གུ་ཤྲི་ཧན་ནི་ཁོང་ལ་བཀའ་དྲིན་གཞལ་བ་དཀའ་བའི་གྲོགས་པོ་ཞིག་ཡིན་པ་དང༌། སྙིང་ཐག་པ་ནས་དགའ་ཞེན་བརྩི་བཀུར་བྱེད་ཡུལ་ཞིག་ཡིན་པར་ངོས་འཛིན་གནང་འདུག   སྐབས་དེར་ཕྱག་མཛོད་བསོད་ནམས་རབ་བརྟན་སྡེ་སྲིད་ཀྱི་གོ་གནས་ལ་བསྐོ་བཞག་མཛད། ཕྱི་ནང་གི་སྲིད་ཀྱི་ལས་དོན་མཐའ་དག་གི་འགན་གཙོ་བོ་ཁུར་དགོས་པའི་བཀའ་ལུང་གནང༌། སྔར་གྱི་ཏཱ་ལའི་བླ་མའི་གཟིམ་ཆུང་ཡོད་སའི་ཕོ་བྲང་གི་མིང་སོར་བཞག་གིས་དགའ་ལྡན་ཕོ་བྲང་པ་ཞེས་པའི་སྲིད་དབང་གསར་དུ་བཙུགས་པའི་དྲིལ་བསྒྲགས།  ལོ་འདིའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ཉིན་གཞིས་རྩེ་ནས་ཆིབས་ཁ་བསྒྱུར་ཏེ་ས་གནས་འགའ་ཞིག་ལ་སྐོར་ཞིབ་གནང༌།  ཟླ་ཤས་ཀྱི་རྗེས་སུ་ལྷ་སར་ཕྱིར་ཕེབས།  ཆོས་སྲིད་ལུགས་གཉིས་ཀྱིས་བོད་ཁམས་སྐྱོང་བའི་འཕྲིན་ལས་ཀྱི་དབུ་བརྙེས།   སྐབས་དེར་འབྲས་སྤུངས་བླ་བྲང་གོང་མའི་བླ་མ་གྲགས་པ་རྒྱལ་མཚན་དང་བླ་བྲང་འོག་མའི་བླ་མ་ཏཱ་ལའི་བླ་མ་གཉིས་འགལ་བར་ཆགས་མཐར་བླ་བྲང་འོག་མའི་ངན་ཇུས་ཀྱིས་འབྲས་སྤུངས་གྲགས་པ་རྒྱལ་མཚན་བཀྲོངས། དེའི་སྨོན་ལམ་ལོག་པའི་སྟབས་ཀྱིས་དོལ་གྱི་ཆུ་མིག་ཏུ་འདྲེའི་སྐྱེ་བ་བླངས་པའི་བཤད་སྲོལ་དེ་བྱུང༌། གང་ལྟར་ཡང་བླ་མ་གོང་འོག་གཉིས་པོ་འགལ་བ་ཡོད་པ་ངེས་ཏེརྒྱལ་བ་ལྔ་པའི་རྣམ་ཐར《དུ་ཀཱུ་ལའི》ནང་དུ།  བླ་མ་གྲགས་པ་རྒྱལ་མཚན་སྙུང་བབས་ལྗིད་སྐབས་རྒྱལ་བ་ལྔ་པ་འཚམས་འདྲི་བར་ཕེབས་པར་དགོངས་ཀྱང་དམ་གྲིབ་ལ་དོགས་ནས་མ་ཕྱིན་ཚུལ་གསལ་བའི་ཕྱིར་རོ།། xW3

3. དྲག་གནོན་བྱས་ཚུལ།xW3

དེ་ཡང་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང༌།  སྡེ་སྲིད་བསོད་ནམས་རབ་བརྟན་ཟུང་གིས་ཆབ་སྲིད་སྐྱོང་ཞིང་ཀརྨ་བསྟན་སྐྱོང་དབང་པོའི་རྗེས་འབྲངས་དཔོན་རིགས་དང༌། ལྷ་སྡེ་ཁག་གི་གཞིས་ཀ་དང་འབངས་འཁོར་གཡོག་རྣམས་གཞུང་བཞེས་གནང་སྟེ་དགའ་ལྡན་ཕོ་བྲང་གསྲིད་དབང་འཛུགས་པའི་སྐབས་སུ་བྱས་རྗེས་འཇོག་མཁན་དཔོན་རིགས་དང༌།  དགོན་སྡེ་ཁག་ལ་གནང༌།   དེར་བརྟེན་སྐུ་དྲག་དཔོན་རིགས་གསར་རྙིང་བར་གྱི་འགལ་བ་ཇེ་ཆེར་གྱུར།  གཙང་ཕྱོགས་དང༌།  ལྷོ་ཁ་ས་ཁུལ།   ཀོང་པོ་སོགས་ཀྱི་ཡུལ་གྲུ་མང་པོ་ཞིག་ནས་དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་བྱེད་པའི་ཟིང་འཁྲུག་བསྟུད་མར་ལངས། དུས་དེར་སྡེ་སྲིད་བསོད་ནམས་རབ་བརྟན་དང༌།   གུ་ཤྲི་ཧན་གཉིས་ཀྱིས་བཀའ་ཕབ་སྟེ།   དམག་དཔོན་ཆེན་པོ་བསྟན་འཛིན་དྭ་ལན་ཧན་སོགས་བོད་སོག་གི་དམག་མི་ཁྲི་ཕྲག་འགའ་ཞིག་བཏང་ནས་ཕྱོགས་ཐམས་ཅད་ལ་དྲག་གནོན་བྱས།  སྔོན་གཙང་པ་རྒྱལ་པོ་དང་འབྲེལ་བ་ཆེ་བའི་ཇོ་ནང་པ་དང༌།  ཀརྨ་བཀའ་བརྒྱུད་ཀྱི་དགོན་ཁག་རྣམས་ལའང་དྲག་པོའི་དམག་གིས་ཚར་གཅོད་ཐེབས།   ཇོ་ནང་ཏཱ་ར་ནཱ་ཐའི་དགོན་པ་རྟག་བརྟན་ཕུན་ཚོགས་གླིང་གི་གྲྭ་པ་ཕལ་ཆེར་བཀྲོངས།   པར་ཤིང་རྣམས་མེ་ལ་བསྲེགས།   དགོན་པའི་མིང་ལ་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཅོས་ནས་གྲུབ་མཐའ་དགེ་ལུགས་པར་བསྒྱུར། ཀརྨ་པའི་སྒར་ཆེན་འཛམ་གླིང་རྒྱན་ཞེས་པ་དེ་གཏོར་ནས་གྲྭ་པ་སྟོང་ཕྲག་བདུན་ལྷག་ཙམ་ཞིག་དམར་གསོད་བྱས།   སྤྱི་ལོ1643པའི་ཆུ་ལུག་ལོར་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་སྐུ་འཁོར་ཧྲག་བསྡུས་ཀྱིས་བསྐོར་ཏེ་ཀོང་པོ་བརྒྱུད་འཇང་ཡུལ་དུ་བྲོས་བྱོལ་ལ་ཕྱིན། གནས་ཚུལ་དེ་ཁམས་ཕྱོགས་སུ་འབྱོར་པ་དང་ཁམས་ཀརྨ་དགོན་གྱི་སི་ཏུ་སྤྲུལ་སྐུ་ཆོས་རྒྱལ་མི་ཕམ་འཕྲིན་ལས་རབ་བརྟན་ཡང་བཞུགས་མ་བཟོད་པར་སྐུ་འཁོར་ཉུང་བསྡུས་དང་བཅས་འཇང་ཡུལ་དུ་བྱོན།  ཀརྨ་པ་སྐུ་འཁོར་ཀློ་དང་ཀོང་པོའི་ཡུལ་དུ་ལོ་ཤས་འགོར།  སྤྱི་ལོ1647པའི་མེ་ཕག་ལོར་འཇང་ཡུལ་དུ་འབྱོར་ཁར་འཇང་ས་ཐམ་རྒྱལ་པོའི་སྤྱན་འདྲེན་བྱུང༌།  ཁ་བ་དཀར་པོར་ཕེབས་པ་དང་འཇང་ས་ཐམ་རྒྱལ་པོའི་མདུན་ན་འདོན་ཀརྨ་སྟོབས་ལྡན་སོགས་ཀྱིས་བསུ་བ་རྒྱ་ཆེན་པོ་དང་བཅས་རྒྱལ་ཐང་དུ་ཕེབས།  རྒྱལ་པོ་ཀརྨ་འཆི་མེད་ཡབ་སྲས་བཙུན་མོ་དང་བཅས་པས་མཇལ་ཁ་ཞུས་ཤིང༌།  ཀརྨ་པ་སྐུ་འཁོར་རྣམས་ལ་ཤིང་བྱི་ལོ་གསར་གྱི་མཆོད་སྤྲིན་མཐའ་ཡས་པས་མཆོད།  ཡབ་ཀརྨ་མི་ཕམ་ཚེ་དབང་སྐུ་གཤེགས་པའི་དགེ་རྩར་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་སྤེལ་བ་དང༌།  དབུ་ཞྭ་སྒྲོན་པ་སོགས་བྱས།   དེ་རྗེས་བློན་པོ་ལྔ་བརྒྱ་ཙམ་གྱིས་བསུ་བཀོད་དང་བཅས་ཕོ་བྲང་དུ་སྤྱན་དྲངས།  ཀར་བསྟན་ཉམས་ཆག་བྱུང་བ་ལ་དམིགས་ནས་འཇང་རྒྱལ་པོ་ཀརྨ་འཆི་མེད་ཀྱིས་འབུམ་དམག་གཉིས་བོད་དུ་བཏང་ནས་དགྲ་ལན་སློག་རྒྱུའི་ཁས་འཆེ་ཡང༌།  ཀརྨ་པས་ཞལ་གྱིས་མ་བཞེས་པར་བདག་ནི་ཤཱཀྱ་ཐུབ་པའི་རྗེས་འཇུག་ཡིན་སྟབས་ངའི་ཆེད་དུ་སྦྲང་བུ་ཞིག་ལའང་གནོད་པ་བྱེད་མི་འོས། སྤྱིར་དེང་སང་སྙིགས་མའི་དུས་འདིར་བསྟན་པ་རྣམ་དག་ནི་མི་འོང༌། བསྟན་པའི་གཟུགས་བརྙན་ཙམ་ལ་དམིགས་ནས་དམག་དང་གཡུལ་གྱི་བྱ་བས་དགོས་པ་མེད།  ཅེས་གསུངས་པ་རྗེ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་ན་གསལ།  དེ་ནས་དབུས་གཙང་ཕྱོགས་ཀྱི་ཀར་དགོན་དང་ཇོ་ནང་པའི་དགོན་པ་ཕལ་ཆེ་བ་བཙན་ཤེས་ཀྱིས་དགེ་ལུགས་པའི་གྲུབ་མཐར་བསྒྱུར།  རྒྱལ་དབང་ལྔ་པ་ཆེན་པོ་རྒྱ་ནག་ཏུ་ཕེབས་པའི་ལམ་དུ་འབའ།  ལི་ཐང༌།   མི་ཉག་སོགས་ཀྱི་ས་ཁུལ་མང་པོའི་བཀའ་བརྒྱུད་པའི་དགོན་པ་རྣམས་དགེ་ལུགས་པར་བསྒྱུར། འོན་ཀྱང་བཀའ་བརྒྱུད་པའི་གདན་ས་ཆེན་པོ་གོང་འོག་བར་གསུམ་དུ་གྲགས་པའི་སྟོད་ལུང་མཚུར་ཕུ་དང༌།  ཀརྨ་དགོན།   དཔལ་སྤུངས་དགོན་སོགས་གདན་ས་གཙོ་བོ་རྣམས་ནི་སྔར་བཞིན་འགྱུར་བ་མེད་པར་གནས་ཆོག་པ་བྱུང་འདུགxW3

4.གདན་ཞུ་གནང་ཚུལ།xW3

མན་ཇུ་གོང་མ་ཐབས་སྐྱོང་རྒྱལ་པོས་བོད་དུ་ཕོ་ཉ་བ་མངགས་ཏེ་ཏཱ་ལའི་བླ་མ་དང༌། པཎ་ཆེན་བླ་མ་གཉིས་གདན་འདྲེན་ཞུས་ཀྱང་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་སྐུ་ན་མཐོ་བས་ཕེབས་མ་ཐུབ། རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་སྤྱི་ལོ1652ལོའི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ཉིན།  ཆིབས་ཞབས་གསོལ་གཟིམ་ཞབས་འབྲིང་དང༌།  བོད་སོག་གི་དཔོན་རིགས་བཅས་ཀྱིས་བསྐོར་ནས་རྒྱ་ནག་ཏུ་ཆིབས་བསྒྱུར་གནང༌།  སྡེ་སྲིད་བསོད་ནམས་རབ་བརྟན་དང༌།   སོག་པོ་གུ་ཤྲི་ཧན་སོགས་མངའ་འབངས་མི་སེར་བཅས་ཀྱིས་ཕེབས་སྐྱེལ་ཞུས།   ཏཱ་ལའི་བླ་མ་སྐུ་འཁོར་རྣམས་མཚོ་སྔོན་དུ་ཕེབས་སྐབས་གོང་མ་ཐབས་སྐྱོང་གི་ནང་བློན་ཤ་ཀུ་ཏ་ར་ཁང་སོགས་དཔོན་རིགས་དུ་མ་མངགས་ཏེ་ཕེབས་བསུ་དང༌།  བཀུར་བསྟི་གཟབ་རྒྱས་ཞུས།   མན་ཇུ་དཔོན་རིགས་རྣམས་ཀྱིས་སྣེ་དྲངས་ཏེ་ཕེབས་པས་ཉིང་ཞ་ཞེས་པའི་ས་གནས་དེར་འབྱོར། དེ་ནས་གོང་མ་ཐབས་སྐྱོང་གིས་གནང་བའི་ཕེབས་བྱམས་སེར་པོ་གསེར་ཏོག་ཅན་ལ་བཞུགས་ཏེ་རྒྱལ་ས་པེ་ཅིན་ཕྱོགས་སུ་ཕེབས། གོང་མ་ཆེན་པོའི་བཀའ་ལྟར་ཨུའི་ཇིང་ཆིན་ཝང་རྟ་པ་སྟོང་ཕྲག་གསུམ་ཕེབས་བསུ་ཡོང་བ་དང༌། ཝང་གི་རིན་པོ་ཆེ་ཐ་ནའི་ཕྲེང་བ།  གསེར་སྲང་ལྔ་བཅུ་ལས་གྲུབ་པའི་མདོང་མོ།  གསེར་སྒ་རིན་པོ་ཆེའི་ཕྲས་བརྒྱན་པ།   ཁ་བཏགས་ཉིན་མོ་བདེ་ལེགས་བཅས་ཕྱག་རྟེན་དུ་ཕུལ།  ལྕགས་རིའི་གང་དུ་འབྱོར་ནས་རིམ་བཞིན་ཕེབས་སྐབས་རྒྱལ་སྲིད་སྣ་བདུན་གྱི་མདུན་བསྟར་དང་བཅས་སེར་ཕྲེང་བསྒྲིགས།  མན་ཇུ་གོང་མ་ཁྲི་ལས་བབས་ཏེ་གཞུ་འདོམ་བཅུའི་སར་ཕེབས་ནས་བསུ་བ་མཛད། ལོ་ཙཱ་བ་བརྒྱུད་ནས་འཚམས་འདྲི་དང༌།  ཆོས་སྲིད་ཀྱི་བྱ་བའི་སྐོར་བཀའ་མོལ་ཡུན་རིང་གནང༌། དེ་ནས་རྒྱལ་དབང་ལྔ་པ་ཆེན་པོ་ཧང་སི་དགོན་སྡེ་གསེར་མདོག་ཅན་ཞེས་པའི་དགོན་པར་གདན་དྲངས།  མན་ཇུ་གོང་མས་གསེར་གྱི་བྱང་བུ་གསེར་ཆོས་ཀྱི་ཤོག་བུ་མཐུག་ཤོས་དང་མཉམ་པ་བཅོ་ལྔ་འཕྲུལ་མིག་ཏུ་སྦྲེལ་ཏེ་ལྟེབ་ཆོག་པ་ཞིག་གི་ཐོག ནུབ་ཀྱི་ལྷ་གནས་ཆེས་དགེ་བར་བདེ་བར་གནས་པའི་སངས་རྒྱས་ཀྱི་བཀའ་ལུང༌། གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ།  འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ།  ཞེས་པ་རྒྱ་བོད་ཧོར་གསུམ་ཀྱི་ཡིག་རིགས་གསུམ་ཤན་སྦྱར་བ་ཞིག་ཕུལ་པ་དང༌།  རྒྱལ་དབང་ལྔ་པ་ཆེན་པོས།   མན་ཇུ་དང༌།  སོག་པོ་བོད་ཡིག་གསུམ་ཤན་སྦྱར་བའི་གསེར་གྱི་བྱང་བུར་འབུར་དོད་པའི་གནམ་གྱི་ལྷ་འཇམ་དབྱངས་གོང་མ་བདག་པོ་ཆེན་པོ། ཞེས་འཁོད་པ་ཞིག་འབུལ་བར་ཕུལ། དེ་ནས་ཡུན་རིང་མ་འགོར་པར་ཏཱ་ལའི་བླ་མ་ས་ཆུ་འཕྲོད་མིན་ལ་བརྟེན་ནས་བོད་ལ་ཕྱིར་ལོག་ཆོག་པའི་དགོངས་ཞུ་བཏང༌། རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་སྤྱི་ལོ1653ལོའི་ཟླ་བ་གཉིས་པའི་ཚེས་བཅུ་བདུན་ཉིན་མན་ཇུ་གོང་མ་ཐབས་སྐྱོང་གི་དབུས་དཔོན་རིགས་ཁག་གིས་ཏཱ་ལའི་བླ་མ་ཕེབས་སྐྱེལ་ཞུ་བའི་གསོལ་སྟོན་གཟབ་རྒྱས་བཤམས།  ལོ་དེའི་ཟླ་བ་གསུམ་པའི་ཚེས་བཅུ་ཉིན་པེ་ཅིན་ནས་ཆིབས་ཁ་བསྒྱུར། གོང་མ་ཆེན་པོའི་བཀའ་ལྟར་ཧ་སོ་དྲན་ཚེ་ཆིན་ཝང་གིས་དམག་སྡེ་བརྒྱད་སྣ་ཁྲིད་དེ་ཏའི་ཁར་ཞེས་པའི་ས་གནས་བར་ཕེབས་སྐྱེལ་ཞུས། དུས་དེར་མན་ཇུ་གོང་མས་སླར་ཡང་ཕོ་ཉ་གཉིས་མངགས་ཏེ་གསེར་ཡིག་དང༌། ཐམ་ག་ཁ་རིས་སུ་ཡིག་རིགས་བཞི་ཤན་སྦྱར་པའི་འབྲུ་དོན་དུ། ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པ་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ག་ཞེས་པ་གནང༌།  དེ་ནས་རིམ་བཞིན་ཕེབས་པས་ལྷ་སར་འབྱོར།   སྡེ་སྲིད་བསོད་ནམས་རབ་བརྟན་དང༌། སོག་པོ་གུ་ཤྲི་ཧན།  པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་སོགས་དཔོན་རིགས་ཁག་དང་སེར་སྐྱ་མང་པོས་ཕེབས་བསུ་གཟབ་རྒྱས་ཞུས།xW3

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།